བོད་ལྗོངས་མི་དམངས་སྨན་ཁང་གིས་རྒྱ་ཁྱོན་སྤྱི་ཁྲེ་ངོས་གྲུ་ཆིག་སྟོང་ཟིན་པའི་ཚད་ལྡན་ཅན་གྱི་ཚ་བའི་སྒོ་བསྟེན་ཁང་བསྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་དམིགས་བཙུགས་ཚ་བའི་སྒོ་བསྟེན་སྨན་ཁང་གཏན་འཁེལ་བྱས་རྗེས།  བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་རང་འགུལ་དོན་གཉེར་བྱས་ཐོག་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་པ་དང་།  ནད་ཡམས་འགོག་རྒོལ་གྱི་འགན་འཁྲི་ཏན་ཏིག་འཁུར་ཏེ་ལས་དུས་སྣོན་པ་དང་ཉིན་མཚན་ལྟོས་མེད་ངང་ཨར་སྐྲུན་བྱས་ནས་ཚད་གཞི་གཞིར་བཟུང་།  ཆུ་ཚོད་བཅུ་གཉིས་ལས་མ་འགོར་བར་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཆིག་སྟོང་ཟིན་པའི་ཚད་ལྡན་ཅན་གྱི་ཚ་བའི་སྒོ་བསྟེན་ཁང་ཞིག་བསྐྲུན་པ་རེད། 

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཚ་བའི་སྒོ་བསྟེན་ཁང་དུ་ནད་དཔྱད་ཁང་དང་ཞིབ་དཔྱད་ཁང་།  ཁྲག་འཐེན་ས།  ལོགས་དབྱེ་ཁང་བཅས་བརྒྱད་བཀོད་སྒྲིག་བྱས་ཡོད་པ་མ་ཟད།  ད་དུང་བརྙན་རིས་བརྟག་དཔྱད་ཆེད་སྤྱོད་བགྲོད་ལམ་གཏོད་པ་དང་མྱུར་སྐྱོབ་རླངས་འཁོར།  ཐང་ཆུ་སྦྲགས་ནས་སྡོད་སའི་རྐུབ་སྟེགས་དང་ཐང་ཆུ་སྒར་སའི་སྒྲོམ་སྟེགས་སོགས་བཀོད་སྒྲིག་བྱས་ཡོད་ལ།  མུ་མཐུད་ལྟ་ཞིབ་དང་བརྟག་དཔྱད་བྱེད་རྒྱུར་མཁོ་བའི་ཉལ་ཁྲི12ཀྱང་བཀོད་སྒྲིག་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  སྨན་པ་བསྟེན་ཡུན་རིང་བ་ལས་ནད་པ་ཕན་ཚུན་ནད་ཡམས་འགོ་རྒྱུ་སྔོན་འགོག་བྱ་ཆེད།  ཚ་བའི་སྒོ་བསྟེན་ཁང་དུ་སྔོན་ཚུད་ཞིབ་བཤེར་ས་ཚུགས་གཉིས་ལོགས་སུ་བཙུགས་ཏེ་སྨན་པ་བསྟེན་མཁན་ཚོའི་འགྲོ་སྐྱོད་གནས་ཚུལ་དང་གཟུགས་པོའི་དྲོད་ཚད་ལ་གཞིགས་ནས་ཐོག་མའི་ནད་དཔྱད་བྱེད་པ་དང་ཆབས་ཅིག  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་ཚ་བའི་སྒོ་བསྟེན་ཁང་ནང་སྨན་དོན་མི་སྣ་འདེངས་ངེས་ཡོང་བ་བྱ་ཆེད།  བབས་བསྟུན་ངང་རྒྱུན་གཏན་གཟུགས་གཞི་བརྟག་དཔྱད་ཁང་དང་ཁ་ནད་ཚན་པའི་སྒོ་བསྟེན་ཁང་སྒོ་བརྒྱབ་ནས།  སྨན་དོན་པ་བཅོ་བརྒྱད་ཚ་བའི་སྒོ་བསྟེན་ཁང་ལ་བཀོད་སྒྲིག་བྱས་ཏེ་ཉིན་མཚན་ལྟོས་མེད་དུ་རེས་མོས་སྡོད་བྱ་བྱེད་བཞིན་ཡོད། 

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཚ་བའི་སྒོ་བསྟེན་ཁང་འཁོར་སྐྱོད་བྱས་ཚུན།  ད་བར་ཁྱོན་མི125ལ་ནད་དཔྱད་བྱས་པ་དང་མི17ལྟ་ཞིབ་བྱེད་རྒྱུར་ཉར་ནས།  ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་སྨན་པ་བསྟེན་པའི་དགོས་མཁོ་དང་སྨན་བཅོས་བདེ་འཇགས་འགན་སྲུང་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།