བོད་ལྗོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ནད་གཞི་གཏན་འཁེལ་དང་ནད་གཞི་འདྲ་བའི་ནད་པ་གསར་པ་ཐོན་མེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ2པའི་ཚེས3ཉིན་གྱི་ཆུ་ཚོད24བར་བོད་ལྗོངས་སུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ1དང་། ནད་གཞི་ཚབས་ཆེན་གྱི་ནད་པ་དང་རིམས་ནད་ཀྱིས་ཤི་བའི་ནད་པ། སྨན་ཁང་ནས་དྲག་སྐྱེད་བྱུང་བའི་ནད་པ་བཅས་མེད་པ་སྙན་ཞུ་བྱས་པ་རེད།  

མིག་སྔར། ནད་པའི་ནད་རྟགས་བརྟན་པོ་ཡིན་པ་དང་། རྗེས་འདེད་ཐུབ་པའི་འབྲེལ་འདྲིས་ཟབ་བའི་མི་སྣས་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་བཞིན་པའི་སྒང་ཡིན། 

བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བྱིས་པའི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་རེད། གསལ་འདེབས་གནང་བ་གཤམ་གསལ། 
    1. མི་མང་པོ་ཡོད་སར་མི་འགྲོ་བ་དང་། འདུ་ཚོགས་ལ་མི་ཞུགས་པ། 
    2. ཕྱི་ལ་འགྲོ་དུས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། ཕ་མ་དང་སྤོ་བོ་རྨོ་བོ་བཅས་ལ་ཁ་ཐུམ་རྒྱག་དགོས་པའི་དྲན་སྐུལ་བྱེད་རྒྱུ་མ་བརྗེད། 
    3. དུས་ལྟར་ངལ་གསོ་བྱེད་པ་དང་། བདེ་ཐང་བཟའ་བཏུང་བྱེད་པ། ཟ་མ་མ་ཟས་གོང་དང་བཤང་བ་བཏང་རྗེས་ནན་ཏན་གྱིས་ལག་པ་བཀྲུ་དང་། ཁྱིམ་ནས་ཕ་མ་དང་མཉམ་དུ་ལུས་རྩལ་སྦྱོང་བརྡར་བྱེད་པ། 
    4.ད་ལྟ་ནས་བཟུང་ཧབ་སྦྲིད་རྒྱག་པ་དང་གློ་ལུ་བའི་སྐབས་སུ་ལག་ཕྱིས་སམ་ཕུ་ཐུང་གིས་སྣ་དང་མཆུ་འགེབ་པའི་གོམས་གཤིས་ལོབས་སུ་འཇུག་དགོས། 
    5. གལ་ཏེ་ཚ་བ་རྒྱག་པ་དང་ནད་ཕོག་པའི་གནས་ཚུལ་ཡོད་ན་ངེས་པར་དུ་ཕ་མ་དང་མཉམ་དུ་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།