བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན865“རིམས་ནད”འགོག་པའི་དམག་འཐབ་ལ་ཞུགས་པ།

ཏང་ཡོན་ནི་དར་ཆ་ཞིག་དང་ཀྲི་པུའུ་ནི་མཁར་རྫོང་ཞིག་རེད།

གློ་བུར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཀྱི་མདུན་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ལས་དོན་གང་ཞིག་སྒྲུབ་དགོས་སམ། ཏང་ཡོན་གྱིས་ལས་དོན་གང་ཞིག་སྒྲུབ་དགོས་སམ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་སྐབས་བླང་བྱ་དངོས་གང་ཡིན་ནམ།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྒྱ་ཆེའི་ཏང་ཡོན་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་དྲི་བ་དེ་དག་ལ་རང་ཉིད་ཀྱི་ལན་བཏབ་ཡོད།

རིམས་ནད་ནི་བཀའ་རྒྱ་དང་། འགོག་སྲུང་ནི་འགན་འཁྲི། ལས་གནས་ནི་འཐབ་ས་བཅས་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། 《ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྤྲིངས་པའི་ཡི་གེའི》འབོད་སྐུལ་དང་ལེན་ཞུས་ཏེ་བསམ་གྲུབ་རྩེ་ཆུས་ཀྱིས་ཉིན་མཚན་བལྟོས་མེད་ངང་བྱ་སྤྱོད་སྤེལ་ཏེ་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་འཛུགས་པའི་འབོད་སྐུལ་བྱས་པ་རེད།

འགག་རྩའི་དུས་སྐབས་དང་དཀའ་ངལ་གྱི་མདུན་དུ་རྒྱ་ཆེའི་ཏང་ཡོན་ཚོས་དང་ལེན་ཧུར་ཐག་ཞུས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་དང་ལེན་ཡི་གེ་གཅིག་རྗེས་གཉིས་མཐུད་ངང་ཕུལ་བ་རེད།

ཟླ1ཚེས31ཉིན་གྱི་མཚན་མོར། ཏང་ཡོན865ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་ཅིག་བཙུགས་པ་རེད།

ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་ལས་འགན་དང་བླང་བྱ་གཞིར་བཟུང་། ཏང་ཡོན་འཕྲལ་སྒྲུབ་རུ་མི་865རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཤེས་བྱ་དྲིལ་བསྒྲགས་ལ་སྣེ་ཁྲིད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས་རྒྱུར་སྒྲིག་འཛུགས་དང་། སློབ་གསོ། ཁྲིད་སྟོན། ཞབས་ཞུ་བཅས་བྱས་ཏེ་དཀྲོག་གཏམ་བཟོ་བ་དང་། དཀྲོག་གཏམ་སྤེལ་བ། དཀྲོག་གཏམ་ལ་ཡིད་ཆེས་བཅས་དང་། དེ་བཞིན་ཟོག་གོང་ཧམ་སྤོར་དང་འཇིགས་སྣང་བཟོ་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་དང་དར་ཆ་གསལ་སྟོན་གྱིས་འཐབ་རྩོད་བྱེད་བཞིན་ཡོད།

དཔྱིད་གསར་དུས་ཆེན་ནི་མ་གཞི་ཁྱིམ་ཚང་ཁྲི་སྟོང་མང་པོ་ནང་མི་མཉམ་འཛོམས་ཀྱི་དུས་བཟང་ཞིག་རེད། འོན་ཀྱང་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོར་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་གཡོ་བ་དང་། དམག་འཐབ་མཁར་རྫོང་རེ་རེ་འགྱིང་ངེར་གནས་པ། གུང་ཁྲན་ཏང་ཡོན་རེ་རེ་ཞུམ་མེད་མདུན་སྐྱོད་བཅས་བྱེད་བཞིན་ཡོད། ཁོང་ཚོས་རང་ཉིད་ཀྱི་ཕ་མ་བུ་ཕྲུག་དང་མཉམ་འཛོམས་བྱེད་ཁོམ་མེད་པར་ལས་གནས་སུ་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་བསམ་པ་མཚོན་པར་བྱེད་བཞིན་ཡོད།

བསམ་གྲུབ་རྩེ་ཆུས་ཀྱི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་རྒྱ་ཆེའི་ཏང་ཡོན་ཚོས། ཚེ་སྲོག་ནི་ཐམས་ཅད་ལས་ལྷག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ནི་ཧ་ཅང་ལྕི་བས་འཕྲལ་སྒྲུབ་རུ་ཁག་ལ་ཞུགས་པ་ནི་གཟི་བརྗིད་རེད་ལ་འགན་འཁྲི་ཡང་རེད། ང་ཚོས་རིམས་ནད་འགོག་རྒོལ་གྱི་དཔེ་དམག་ཅིག་བྱས་ཏེ་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་འགན་འཁྲིར་ངོ་མི་གནོང་བར་རིམས་ནད་སྔོན་འགོག་གི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།