སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིགས་དབྱེའི་གད་སྣོད་སྤྲད་པ།

གད་སྙིགས་རིགས་དབྱེའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ་བྱ་གཞག་ལས་ཁུངས་དང་སྡེ་ཁུལ་མང་ཚོགས་ཀྱི་གད་སྙིགས་རིགས་དབྱེའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁོངས་གཏོགས་ཁུལ་གྱི་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དང་། ཚད་གཞི་ཉུང་གཏོང་ཅན། སླར་ཡང་བེད་སྤྱོད་བཅས་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཐུབ་ཆེད། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་སྲིད་ལས་ཁུངས་དང་། སློབ་གྲྭ སྨན་བཅོས་སྒྲིག་གཞི་སོགས་སྤྱི་པའི་སྒྲིག་གཞི་དང་དེ་བཞིན་འཆམ་མཐུན་གླིང་སྡེ་ཁུལ་དུ་རིགས་དབྱེའི་གད་སྣོད་སྤྲོད་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

གད་སྣོད་སྤྲོད་པའི་ལས་དོན་ཁྲོད་ལས་དོན་མི་སྣས་མཐུན་སྦྱོར་ལས་བགོས་དང་སྤྲོད་པའི་གྲངས་གཞིའི་རེའུ་མིག་ལ་ཞིབ་བསྡུར་ནན་ཏན་གྱིས་ཚད་གཞི་བཞིན་སྤྲད་དེ་ཁོངས་གཏོགས་ཁུལ་གྱི་ཏང་སྲིད་ལས་ཁུངས་དང་སྡེ་ཁུལ་གྱི་གྲོང་མིས་གོ་རིམ་ལྡན་པའི་ངང་ལེན་ཐུབ་པ་བྱས་པ་དང་། དུས་མཚམས་བཞིན་ཁོངས་གཏོགས་ཁུལ་གྱི་ཏང་སྲིད་ལས་ཁུངས་དང་། སློབ་གྲྭ སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སོགས་སྤྱི་པའི་སྒྲིག་གཞི་གནས་ཡུལ་24ལ་གད་སྙིགས་རིགས་དབྱེའི་སྒྲིག་བཀོད་ཀྱི་སྒྲིག་ཆས་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱས་ནས་རིམ་རྩིས་ལྟར་ན། ཧྲེང་24ཡི་གཞུང་ལས་ཁང་གི་གད་སྣོད་530དང་། ཧྲེང་100ཡི་ཐོག་བརྩེགས་ཁང་ཆེན་གྱི་གད་སྣོད་108སྤྲད་པ་དང་། འཆམ་མཐུན་གླིང་སྡེ་ཁུལ་སོགས་ཐོག་བརྩེགས་ཁང་ཆེན་ཁུལ་གྱི་གད་སྙིགས་རིགས་དབྱེའི་སྒྲིག་བཀོད་ཀྱི་སྒྲིག་ཆས་སྤྲོད་པའི་ལས་དོན་ལེགས་སྒྲུབ་བྱས་ཏེ། རིམ་རྩིས་ལྟར་ན། དུད་ཚང་དུ་སྤྱོད་པའི་གད་སྣོད་1087སྤྲད་པས་གད་སྙིགས་རིགས་དབྱེ“སྤྱི་པའི་སྒྲིག་གཞི་རེར་གད་སྣོད་རེ་དང་ཐོག་བརྩེགས་ཁང་ཆེན་གྱི་གྲོང་མི་དུད་ཚང་རེར་གད་སྣོད་རེ་ཡོད་པའི”སྤྱི་ཡོངས་ཀྱི་བཀོད་པ་རགས་ཙམ་ཆགས་ཡོད།

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།