བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་དེ་ལྗོངས་ཡོངས་སུ་ལག་བསྟར་དང་བརྩི་སྲུང་གང་ལེགས་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ1པོའི་ཚེས11ཉིན།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག  བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱས་པ་རེད།  བོད་ལྗོངས་ཀྱི་ལས་རིགས་ཁག་དང་གྲོང་ཁྱེར( ས་ཁུལ)ཁག་གི་ལས་བྱེད་མང་ཚོགས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་གྲོས་བསྡུར་འཁྲུག་པོ་བྱས་ཏེ།  ཚང་མས་སྲོལ་ཡིག་དེར་གྲོས་འཆམ་བྱུང་བ་དེ་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་དགའ་འོས་པའི་དོན་ཆེན་ཞིག་ཡིན་པ་དང་།  དེས་རང་རེའི་བོད་ལྗོངས་གོང་འཕེལ་ཇེ་ཡག་ཏུ་གཏོང་རྒྱུའི་ཡིད་ཆེས་མཚོན་ཡོད་པ་དང་།  ང་ཚོས་ངེས་པར་དུ་སྲོལ་ཡིག་ལག་བསྟར་ཡག་པོ་དང་བརྩི་སྲུང་ཡག་པོ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲུའུ་དབྱིས་ཧྥུང་ནས།  སྲོལ་ཡིག་དེ་བརྒྱུད་ཏང་གི་མི་རིགས་རིག་གཞུང་དང་མི་རིགས་སྲིད་ཇུས་དང་དམ་པོར་བསྟུན་ཏེ་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་དང་།  མི་རིགས་ཁག་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་གོང་འཕེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས།  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་གཏོད་དགོས་ཅེས་གསུངས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་ཁྲིམས་འཛུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཉི་མ་སྒྲོལ་དཀར་ནས།  སྲོལ་ཡིག་དེས་དེང་སྐབས་བོད་ལྗོངས་ཞི་མཐུན་བརྟན་ལྷིང་གི་དུས་རབས་ཁྱད་ཆོས་མངོན་པར་བྱས་ཡོད་ལ།  སྤྱི་ཚོགས་ཕྱོགས་ཁག་གི་བྱ་སྤྱོད་ལ་ཡུན་རིང་དང་རྒྱུན་མཐུད་ཀྱི་ཁྲིད་སྟོན་ཡང་བྱས་ནས།  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུར་ཁྲིམས་ལུགས་ཀྱི་འགན་སྲུང་བྱས་ཡོད་ཅེས་གསུངས།

རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་ཟོའོ་ཡི་ལས་རོགས་ཞིབ་འཇུག་པ་སུང་བོའོ་ཧན་ནས།  སྲོལ་ཡིག་ནང་རིམ་ཁག་སྲིད་གཞུང་དང་།  ཁེ་ལས་དང་བྱ་གཞག་ཚན་པ།  སྤྱི་ཚོགས་ཚོགས་པ།  ཁྱིམ་ཚང་བཅས་ཀྱི་གསར་གཏོད་ལས་དོན་ནང་གི་འགན་འཁྲི་གསལ་སྟོན་བྱས་ཡོད་པས།  མི་རིགས་མཐུན་སྒྲིལ་གྱི་འཚོ་བའི་ངོ་བོ་དང་དམངས་ཡོངས་ཀྱི་ངོ་བོ་མངོན་ཡོད་ཅེས་གསུངས།

ཉིང་ཁྲི་གྲོང་ཁྱེར་བག་ཡིབ་ཆུས་གཉིས་བཀུར་ལམ་སྡེ་ཁུལ་གྲོང་ལྷན་གྱི་མི་རིགས་ཆོས་ལུགས་ཨུ་ཡོན་དགེ་འཛོམས་ནས།  གོམ་སྟབས་རྗེས་མའི་ལས་ཀའི་ནང་མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་ཡག་པོ་སྒྲུབ་སྟེ་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ཀྱི་ཁྲོད་སེ་འབྲུའི་རྡོག་པོ་ལྟར་མི་ཚང་མ་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསུངས་པ་རེད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཆོས་རྒྱལ་ནས།  གོམ་སྟབས་རྗེས་མར་ང་ཚོས་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ།  ལག་བསྟར་ཡག་པོ་བཅས་བྱས་ནས་རྒྱ་ཁྱབ་ཐོག་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་རྒྱུན་ཆད་མེད་པར་འདྲ་མཉམ་དང་མཐུན་སྒྲིལ།  རོགས་རེས།  ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་གསུངས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།