བོད་ལྗོངས་ཀྱི་རྫོང70རུ་ཐུམ་འབུའི་ནད་ཕོག་ཚད1%ཡི་མན་ལ་ཆག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱ་བའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་བོད་ལྗོངས་སུ་ཐུམ་འབུའི་ནད་ཕོག་པའི་ནད་པ5057ལ་གཤགས་བཅོས་བྱས་པ་དང་། ནད་གཞི15421ལ་སྨན་བཅོས་བྱས་ལ། རྫོང70ལ་ཐུམ་འབུའི་ནད་ཕོག་ཚད1%ཡི་མན་དུ་ཆག་སྟེ། མི་ཚོགས་ལ་ནད་ཕོག་ཚད2016ལོའི1.66%ནས2019ལོའི་ལོ་མཇུག་གི0.26%བར་ཆག་པས། ཐུམ་འབུའི་ནད་ཀྱི་ནད་པ་མང་བའི་རྣམ་པ་བཀག་འགོག་ནུས་ལྡན་བྱས་ཡོད། 

བོད་ལྗོངས་ནི་རང་རྒྱལ་གྱི་ཐུམ་འབུའི་ནད་ཁྱབ་རྒྱ་ཆེ་བའི་ས་ཁོངས་ཤིག་ཡིན་པ་དང་ནད་ཕོག་ཚད1.66%ཟིན་ནས་རྫོང74ཚང་མར་ཁྱབ་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཁ་གཏད་བོད་སྐྱོར་ཞིང་ཆེན17གྱི་རྒྱབ་སྐྱོར་འོག་ཆེད་མཁས་པ3500ལྷག་གིས་གྲུབ་པའི་གྲལ་བཤེར་ཚོགས་ཆུང800ལྷག་བཙུགས་ནས་ལོ་གཅིག་ནང་ཐུམ་འབུའི་ནད་གྲལ་བཤེར་ལས་དོན་ལེགས་འགྲུབ་བྱས་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་དང་རྫོང74ལ་ཁྱབ་ནས་མི་གྲངས་ཁྲི290ལྷག་ཙམ་ཟིན་པ་དང་ནད་དཔེ26846ཞིབ་བཤེར་བྱས་ཡོད་པ་རེད། 

བརྟག་དཔྱད་བྱས་ནས་ཐོན་པའི་ནད་པར་དམིགས་ནས་བོད་ལྗོངས་ཀྱིས་རིགས་འབྱེད་སྨན་བཅོས་བྱས་ཏེ་ནད་པར“ཁ་ཆད་མེད་པ་དང་། སྒུག་མི་དགོས་པ། སྨན་རིན་སྟེར་མི་དགོས་པ”བཅས་ཀྱི་སྨན་བཅོས་བྱེད་པར་ཁག་ཐེག་བྱས། སྨན་རྫས་ཀྱི་གསོ་བཅོས་དང་མཐུན་པའི་ནད་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱས། མ་མཐའི་འཚོ་བ་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། གནས་སྐབས་རོགས་སྐྱོབ་སོགས་ཀྱི་ཆ་རྐྱེན་དང་མཐུན་པའི་ནད་པར་དུས་ཐོག་ཏུ་སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་ནས། མིག་སྔར་བསྡོམས་པས་ནད་པ1224ལ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི528.35དངོས་འབེབས་བྱས་ཡོད། 

ད་ལོར་བོད་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མི་རེའི་ཆ་སྙོམས་འགྲོ་གྲོན10%ཡན་འཕར་ནས་ཐུམ་འབུའི་ནད་ཕོག་མཁན་གྱི་སྨན་བཅོས་ལ་མུ་མཐུད་ཤུགས་སྣོན་རྒྱབ་པ་དང་ཆབས་ཅིག་འདུས་འདྲིལ་གཅོང་ནད་དང་། ནད་དུག་རང་བཞིན་གྱི་མཆིན་ཚད། རླུང་རླན་རུས་ཚིགས་སོགས་ཀྱི་ནད་རིགས་གྲལ་བཤེར་དང་འགོག་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།