བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་སྐྱོར་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་འཚོགས་པའི2020ལོའི་བོད་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རོགས་སྐྱོར་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཅིང་། ཡུལ་གཞན་དབུལ་སྐྱོར་གནས་སྤོར་རྣམ་གྲངས203ལག་བསྟར་བྱེད་པར་བཀོད་སྒྲིག་བྱས་ཡོད་ཅིང་། འཛུགས་སྐྲུན་ལམ་ཐག་སྤྱི་ལེ415.3ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར10.39བཏང་སྟེ་བདེ་བཀོད་ས་ཚིགས203ཡི་བདེ་བགྲོད་གནད་དོན་ཐག་གཅོད་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་འགོ་ཁྲིད་གཙོ་བོ་དག་གིས་དངོས་སུ་བཀོད་སྒྲིག་དང་སྐུལ་འདེད་བཏང་སྟེ། མ་དངུལ་མི་འདང་བའི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ནས་ཞིང་སྡེའི་གཞུང་ལམ་རྣམ་གྲངས་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་བྱས། སྲིན་པོ་རི་བདེ་སྐྱིད་ཁྱིམ་གཞིས་ཀྱི་ས་བབ་མཐོ་བའི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་བདེ་བཀོད་ས་ཚིགས་ཀྱི་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། བདེ་བཀོད་ས་ཚིགས་ནས་ལྷ་ས་བར་གྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་ཚོད་ལྟའི་ངང་འཁོར་སྐྱོད་བྱས་ཡོད། གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་རོང་འབྲོག་པ་ཁྲི10.3ལས་ཞུགས་སྤོ་སྒྱུར་བྱས་ཏེ་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར17.8འཕར་ཡོད་པ་རེད། ལྗོངས་ཕྱིའི་འཛུགས་སྐྲུན་ཨར་ལས་ཁེ་ལས་ཆེན་པོ69ཡིས་ཐེམ་ཁུངས་བོད་ལྗོངས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ393བསྡུས། གཞུང་ལམ་འགྲིམ་འགྲུལ་གྱིས་དབུལ་པོ་དབུལ་རྐྱང་མེད་པར་བཟོ་བར་ཕན་ནུས་མངོན་གསལ་བཏོན་ཡོད། 

གཞན་ཡང་ལོ་འཁོར་གྱི་བུ་ལོན་སེལ་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་བའི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། མངོན་མེད་བུ་ལོན་མང་དུ་འགྲོ་བ་བཀག་འགོག་དང་། འཛུགས་སྐྲུན་མ་དངུལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བསགས་འབོར་བུ་ལོན་སྒོར་དུང་ཕྱུར27.8སེལ་བ་དང་། དེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལས26.27%བརྒལ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།