ཐོན་ལས་རིམ་སྤོར་ལ་བརྟེན་ནས་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ།

——བོད་ལྗོངས་ས་སྐྱ་རྫོང་གི་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་བྱུང་བའི་མཐོང་ཐོས།

ལོ་གཅིག་ལྷག་ཙམ་གོང་། ཚེ་རྡོར་གྱིས་བཟའ་ཟླ་དང་བུ་ཁྲིད་ནས་བོད་ལྗོངས་མངའ་རིས་དང་ནག་ཆུ་སོཌ་སུ་གླ་པ་རྒྱུག་པར་ཐེངས་མང་བསྐྱོད་ཀྱི་ཡོད་པ་དང་། ཁྱིམ་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཡོང་གི་ཡོད་མོད། འོན་ཀྱང་། 2019ལོ་ནས་བཟུང་། ཚེ་རྡོར་གྱི་ནང་མི་གསུམ་པོར་ཁྱིམ་གྱི་ཉེ་འགྲམ་ནས་ལས་ཀ་རག་སྟེ་ཕ་ཡུལ་དང་ཁ་འབྲལ་མི་དགོས་པ་བྱུང་བ་དང་། སྔོན་དཔག་ལྟར་ན་ལོ་གཅིག་ལ་ཡོང་འབབ་ལྡབ་གཅིག་འཕར་སྲིད།

2019ལོའི་ཟླ་4པར། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་མཇུག་ཤང་ཕྲན་གྲོང་ཚོར་ས་ཁྱོན་མུའུ་600ལྷག་ཙམ་བཟུང་བའི་གསོ་ཚགས་ཐོན་ལས་དང་། འབྲུ་རིགས་དང་གཟན་ཆགས་ཉིན་གང་ཐོན་སྐྱེད་བྱེད་པ། ཚགས་ཤ་དང་ལུག་ཤ་ལས་སྣོན་ཞིབ་ཚགས་དང་ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་དེང་རབས་ཅན་གྱི་འབྲོག་ལས་ཀུང་སི་སྟེ། གཞིས་རྩེའི་པའེ་ཡ་ཁྲེང་ཞིང་ཟོག་ཉོ་ཚོང་ཚད་ཡོད་ཀུང་སི་བཙུགས་པ་རེད།

གླིང་ནང་དེང་རབས་ཅན་གྱི་བ་ཚང་དང་ལུག་ཚང་ཁྱོན་18ཡོད་པ་དེ་དག་གཙང་ལ་དཀར་ཆ་དོད་པ་དང་། བཤས་གཏོང་ས་དང་ལས་སྣོན་ཞིབ་ཚགས་ཀྱི་དབྱེ་འབྱེད་འཁོར་ཁང་གི་སྒྲིག་ཆས་སྤུས་ལེགས་ཡིན་ལ་བཟོ་པའི་བཀོལ་སྤྱོད་གོ་རིམ་དང་ལྡན་པ། གཟན་ཆགས་ལས་སྣོན་བཟོ་གྲྭའི“འཕྲུལ་མིས”ཐོན་སྐྱེད་ཟིན་པའི་གཟན་ཆགས་ཐུམ་སྒྲིལ་བརྒྱབ་ནས་གྲལ་འགྲིག་པོར་བཞག་སྟེ་ཨང་རྟགས་འགོད་པ་སོགས་ལས་ཕྱོད་ཆེ་ལ་ངལ་ནུས་གྲོན་ཆུང་ཐུབ་ཀྱི་ཡོད།

ས་སྐྱ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེན་ཧུའེ་ཡིས། “ས་སྐྱ་རྫོང་གི་འབྲོག་ལས་སྔར་ནས་བཟུང་ཁྱིམ་ཚང་གིས་ཁ་ཐོར་དུ་གསོ་ཚགས་གཙོ་བོར་བྱེད་པས་གཞི་ཁྱོན་ཆུང་བ་དང་། ཐོན་ལས་ཅན་དུ་གྱུར་ཚད་དམའ་བ། གསོ་ཚགས་ཀྱི་འདུ་ཤེས་རྗེས་ལུས་ཡིན་པ་སོགས་འབྲོག་ལས་འཕེལ་རྒྱས་ཀྱི་འགལ་རྐྱེན་དུ་གྱུར་ནས་མི་སེར་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་གྱི་མེད”ཅེས་བཤད།

2018ལོར་ས་སྐྱ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཞིས་རྩེའི་ཇོ་མོ་གླང་མའི་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་དང་། བོད་ལྗོངས་ཡུན་ཤིན་སྣོད་བཅུད་ཞིང་འབྲོག་ལས་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ཏེ། དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་ཏེ་གཞིས་རྩེའི་པའེ་ཡ་ཁྲེང་ཞིང་ཟོག་ཉོ་ཚོང་ཚད་ཡོད་ཀུང་སི་བཙུགས་པ་རེད། དེ་ནས་བཟུང་དེང་རབས་ཅན་གྱི་འབྲོག་ལས་ཀུང་སི་ཞིག་ས་སྐྱ་རྫོང་དུ་གཞིས་ཆགས་ཡོད།

ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་ལས་ཕན་པ་ཆེ་ཤོས་ཐོབ་མཁན་ནི་ས་གནས་དེ་གའི་མང་ཚོགས་རེད། ཞིང་དུད་ཀྱིས་ཚན་རིག་དང་མཐུན་པའི་གསོ་ཚཌ་ལག་རྩལ་སློབ་སྦྱོང་བྱས་ནས་ཁྱིམ་དུ་ནོར་ལུག་རྒྱགས་གསོ་བྱས་རྗེས། ཀུང་སིར་བཙོངས་ནས་ཡོང་འབབ་རག་ཐབས་བྱེད་པ་དང་ཆབས་ཅིག ཁོང་ཚོས་ཀུང་སིར་གླ་པ་རྒྱུག་ནས་ཡོང་འབབ་གསོག་ཐབས་བྱེད་ཀྱི་ཡོད།

ཚེ་རྡོར་གྱི་ཁྱིམ་ཚང་ནི་དཔེ་མཚོན་ཞིག་རེད། ད་ཆ་ནང་མི་ཚང་མ་བཟོ་གྲྭར་གླ་པ་རྒྱུག་གི་ཡོད་པ་དང་གསོ་ཚགས་མི་སྣར་གྱུར་ཏེ་མི་རེར་ཟླ་རེར་གཏན་འཇགས་གླ་ཆ་སྒོར་4000ཡོད། ཟ་སྡོད་ལ་འགན་ལེན་ཡོད་པའི་ཁར་ལས་ཀ་ཡག་པོ་བྱས་ཚེ་ད་དུང་ལས་ཕྱོད་བྱ་དགའ་ཡང་ཡོད།

“ད་ལྟ་ཟླ་རེར་ཁྱིམ་དུ་ལོག་རྒྱུ་ཡོད་པས་ཐག་རིང་ལ་ལས་ཀ་འཚོལ་བར་སྐྱོད་དགོས་ཀྱི་མེད། ང་ཚོའི་སེམས་པ་ཡང་གཞི་ནས་ལྷོད་ལ་བབས་སོང”ཞེས་ཚེ་རྡོར་གྱིས་དགའ་ཚོར་ཆེན་པོས་བཤད།

ཐོན་ལས་འཁོར་སྦྲེལ་གྱི་ལྷུ་ཚིགས་ཚང་མར་རིམ་སྤོར་བྱུང་བ་ལས་བོད་རིགས་ས་ཁུལ་གྱི་འབྲོག་ལས་ཆུ་ཚད་གོང་མཐོར་འགྲོ་བར་སྐུལ་ཁྲིད་ཐུབ་པ་ཙམ་མ་ཡིན་པར། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཞིང་འབྲོག་པར་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་གཏོད་པ་དེ་རེད།

ཨ་མ་ཡུན་རིང་པོ་ཉལ་སར་ལུས་པ་དང་ཕྲུ་གུ་5པོ་ད་དུང་ནར་སོན་མེད་པས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་དཀའ་ངལ་ཆེ་རུ་སོང་སྟབས། པ་སངས་དབང་ལགས་ཕྱིར་ལས་ཀར་བསྐྱོད་ནས་ཁྱིམ་ལ་ཡོང་འབབ་གསོག་ཐབས་བྱེད་དགོས་པའི་བསམ་བློ་ཐེངས་མང་འཁོར་མོད། ཡིན་ན་ཡང་དོན་དུ་སྨིན་མེད། འཚོ་བར་དཀའ་ངལ་ཤིན་ཏུ་ཆེ་བས། ཁོང་ལོ་འཁོར་མོར་བྲག་མཇུག་ཤང་བསམ་འཕེལ་གྲོང་ཚོར་མུའུ་30ལྷག་ཙམ་ཡོད་པའི་ཞིང་ཁར་གཡོག་བྱེད་བྱས་ནས་མི་སྡོད་ཀ་མེད་བྱུང་།

ད་ཆ་བཟོ་གྲྭ་ཉེ་འགྲམ་གྲོང་ཚོར་གནས་པས་གོམ་པ་རེ་གཉིས་ལས་སྐྱོད་དགོས་མེད། པ་སངས་དབང་ལགས་ཀྱིས་བཟོ་གྲྭར་འདོན་འཇུག་བཟོ་པ་བྱེད་པས་ལས་ཀ་ཧུར་ཐག་བྱས་ཚེ་ཞིང་ཁ་བཏབ་པ་ལས་ཡག་པ་ཡོད། “ཟླ་གོང་མར་ཡོང་འབབ་སྒོར་5000ལྷག་ཙམ་བྱུང་བ་དེ་ངའི་དེ་སྔོན་གྱི་ལོ་གཅིག་གི་ཡོང་འབབ་ལས་མང་བ་འདུག དབུལ་སྒྲོལ་ཡོང་རེ་འདུག”ཅེས་པ་སངས་དབང་ལགས་ཀྱིས་བཤད།

མིག་སྔར། གཞིས་རྩེའི་པའེ་ཡ་ཁྲེང་ཞིང་ཟོག་ཉོ་ཚོང་ཚད་ཡོད་ཀུང་སིས་ནོར་ལུག་གཅིག་གྱུར་ཐོག་ཉོ་སྒྲུབ་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་མཉམ་ལས་ཁང་778ལ་སྐུལ་ཁྲིད་བྱས་པར་ཕན་པ་ཐོབ་མཁན་མི་གྲངས་ཁྲི་11.18ཟིན་ཡོད། གཞན་ཡང་། ཀུང་སིས་ལས་ཞུགས་ལས་གནས་160མཁོ་འདོན་བྱས་པའི་ནང་། མང་ཆེ་བ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་། དེ་བཞིན་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་དུད་ཚང་ཡིན་པ་དང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།