​བོད་ལྗོངས་ཀྱི་གནམ་གཤིས་ཚན་པས་ཞིབ་ཚགས་ཅན་གྱི་གནམ་གཤིས་ཞབས་ཞུས་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ1པོའི་ཚེས7ཉིན་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་ལྗོངས་ཡོངས་ཀྱི་གནམ་གཤིས་འགན་སྲུང་ཞབས་ཞུའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ནས།  ཞིབ་ཚགས་ཅན་གྱི་གནམ་གཤིས་ཞབས་ཞུས་དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་རེད།

རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱིས་ཐོག་མའི་སྔོན་དཔག་ཚད་ལེན་བྱས་པའི་གནམ་གཤིས་གནས་ཚུལ་ལ་བལྟས་ན།  ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་ལྗོངས་ཡོངས་ཀྱི་ས་གནས་ཁག་ཚང་མར་དྲོད་ཚད་མངོན་གསལ་དོད་པོས་དམའ་རུ་འགྲོ་བའི་སྣང་ཚུལ་ཐོན་རྒྱུ་ཡིན་ཞིང་།  དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་གི་གནམ་གཤིས་འགན་སྲུང་ཞབས་ཞུར་འགྲན་སློང་ཅུང་ཆེན་པོ་འཕྲད་རྒྱུ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་གནམ་གཤིས་འགན་སྲུང་ཞབས་ཞུར་འཕྲད་པའི་དུས་བབ་གསར་པར་དམིགས་ཏེ།  རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་གི་གནམ་གཤིས་འགན་སྲུང་ཞབས་ཞུ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས།  གཙོ་གནད་ཐོག་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་གི་ཤུགས་རྐྱེན་ཆེ་བའི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ཉེན་བརྡའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་།  འགྲིམ་འགྲུལ་གཞུང་ལམ་གཙོ་བོ་དང་གལ་ཆེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གནམ་གཤིས་སྔོན་བརྡ་དང་ཉེན་བརྡ་ཞིབ་ཚགས་ཅན་གྱི་ཞབས་ཞུ་ཧུར་ཐག་སྒྲུབ་རྒྱུ་རེད་ལ།  དེ་དང་ཆབས་ཅིག་ནགས་ཚལ་དང་རྩྭ་རའི་མེ་ཟོན་སྔོན་འགོག་དང་གངས་བཞུར་བའི་རང་བཞིན་གྱི་ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ཉེན་བརྡའི་ཞབས་ཞུ་སྒྲུབ་ཤུགས་ཀྱང་ཆེ་རུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ1པོའི་ཚེས7ཉིན་ནས་བཟུང་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཉིན་ལྟར་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་རིང་གི་གནམ་གཤིས་ཞབས་ཞུའི་ཆེད་དོན་སྙན་ཞུ་ཞེས་པ་བཟོས་ནས་འགྲེམས་སྤེལ་བྱེད་རྒྱུ་ཡིན་པའི་ནང་།  ལྗོངས་ཡོངས་ཀྱི་ཆུ་ཚོད48རིང་གི་གནམ་གཤིས་སྔོན་བརྡ་དང་།  གྲོང་ཁྱེར༼ས་ཁུལ༽7གྱི་ཆུ་ཚོད24རིང་གི་གནད་ཆེའི་སྔོན་བརྡ།  ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྔོན་བརྡ།  མཚོ་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་གནམ་གཤིས་སྔོན་བརྡ་སོགས་ཚུད་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།