བོད་ལྗོངས་ཀྱི་ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་གྲོང་ཚོར་བཅའ་སྡོད་བྱས་ཏེ་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས15ཉིན་བོད་རང་སྐྱོང་ལྗོངས་ཀྱིས་སྐོར་བརྒྱད་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་སྐོར་དགུ་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་དང་། ལས་བྱེད་པ་ཁྲི2ལྷག་ཙམ་གྲོང་ཚོ(གྲོང་ལྷན)5464རུ་བཅའ་སྡོད་བྱས་ཏེ་རྒྱུན་མཐུད་ངང་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་ནས་གཞི་རིམ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།

གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་ནི་བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། གསར་འགོད་པས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བར་གཞིགས་ན། སྐོར་བརྒྱད་པའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་རྣམ་གྲངས1635དང་མ་དངུལ་སྒོར་དུང་ཕྱུར18.87བརྩོན་ལེན་བྱས་ནས་དངོས་ཚན་དཔལ་འབྱོར2885དང་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས7156བཙུགས་པ་དང་། རོང་འབྲོག་པ་ཁྲི3.9ལས་ཞུགས་གཞན་སྒྱུར་བྱས་པས་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར4.51འཕར་སྣོན་བྱུང་པ་རེད།

གྲོང་ཚོའི་བཅའ་སྡོད་ལས་དོན་རུ་དཔོན་གྱི་འགན་འཁུར་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་བྱེད་པ་ཡེ་ཞའོ་ཡུང་གིས་ཕྱོགས་མང་པོའི་མ་དངུལ་སྒོར་ཁྲི308རེ་ཞུ་བྱས་ནས་མངའ་རིས་ས་ཁུལ་རི་དམར་གྲོང་ཚོར་བྱེ་རྡོའི་རྒྱུ་ཆ་བཟོ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་འབྲེལ་འབྲི་གཡག་གསོ་སྤེལ་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་པ་རེད། གྲོང་ཚོའི་བཅའ་སྡོད་རུ་མི་དང་གྲོང་ཚོའི་ལས་བྱེད་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རི་དམར་གྲོང་ཚོའི་མི་རེའི་ཆ་སྙོམས་གྱི་ལོ་ཧྲིལ་བོའི་ཡོང་འབབ2016ལོའི་སྒོར3310ནས2019ལོའི་སྒོར10900བར་འཕར་ཡོད། 

2011ལོའི་ཟླ10པ་ནས་བཟུང་། བོད་ལྗོངས་ཀྱིས“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན”གྱི་བྱེད་སྒོ་སྤེལ་བ་དང་། རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་། རྒྱལ་གཉེར་ཁེ་ལས་དང་བྱ་གཞག་ལས་དོན་ཚན་ཁག ཀྲུང་དབྱང་ཐད་གཏོགས་བོད་སྡོད་ལས་ཁུངས་སོགས་ནས་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ་ཁྲི17ལྷག་ཙམ་སྐོར་བརྒྱད་ལ་བགོས་ནས་གཞི་རིམ་དུ་མངགས་གཏོང་བྱས་ཡོད། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གཞི་རིམ་དུ་གཞི་ཚུགས་པ་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་པས་ཏང་དང་མང་ཚོགས་ཀྱི“སྦྲེལ་ཟམ”ཞིག་ཏུ་གྱུར་པ་མ་ཟད། ལས་བྱེད་པས་གཞི་རིམ་དུ་ཉམས་སད་ཐེག་ཐུབ་པའི་ལས་ཀའི་སྤྱོད་བཟང་སྦྱོང་བརྡར་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།