བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག2020ལོའི་ཟླ5བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་གི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་སྲོལ་ཡིག་དེ་སྤྱི་ལོ2020ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་རྒྱུ་རེད།  དེའི་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་ལས་དོན་དེ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་གྱི་ལམ་བུའི་ཐོག་སྐྱོད་པ་མཚོན་ཡོད།

སྲོལ་ཡིག་ནང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱར་བརྩི་སྲུང་ཞུས་ནས།  རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས།  སྤྱི་དམངས་མི་སྒེར་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་བཟོས་ཏེ།  ཁྲིམས་སྲོལ་གྱིས་བོད་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་དུས་རབས་ཀྱི་ཁྱད་ཆོས་མངོན་ཐུབ་ལ་སྤྱི་ཚོགས་ཕྱོགས་ཁག་གི་བྱ་སྤྱོད་ལ་ཡང་རྒྱུན་མཐུད་ཁྲིད་སྟོན་ཐུབ་པ་བྱས་ནས།  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ཞིག་ལ་སྐྲུན་ཐུབ་པ་བྱེད་ཆེད་ཁྲིམས་སྐྱོང་ཐད་ནས་འགན་སྲུང་བྱས་ཡོད་ཅེས་བཀོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྲོལ་ཡིག་དེར་སྤྱིའི་རྩ་དོན་དང་ལས་ཀའི་འགན་འཁྲི།  སྤྱི་ཚོགས་མཐུན་སྦྱོར།  དྲིལ་བསྒྲགས་སློབ་གསོ།  གསར་གཏོད་གཟེངས་བསྟོད།  རྩ་འཛུགས་འགན་སྲུང་།  ཁྲིམས་ལུགས་འགན་འཁྲི།  ཞར་བྱུང་བཅས་ལེའུ་བརྒྱད་ཀྱི་དོན་ཚན48ཡོད་པ་དང་།  བོད་ལྗོངས་ཀྱི་སྤྱོད་གོ་ཆོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ལག་ལེན་འབྲས་བུ་དེ་ཁྲིམས་སྲོལ་དོན་ཚན་དུ་རིམ་སྤོར་བྱས་ཡོད།  སྲོལ་ཡིག་དེའི་ནང་བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ནང་དོན་གཙོ་བོ་དང་དྲིལ་བསྒྲགས་གཞི་རྟེན།  དྲིལ་བསྒྲགས་བྱེད་སྟངས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་རྣམ་ཅན་གྱི་ལམ་སྲོལ་སོགས་གཏན་འཁེལ་བྱས་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་བྱེད་སྒོའི་ལག་ལེན་འབྲས་བུ་སྔར་བས་གཏིང་ཟབ་ཏུ་བཏང་ནས།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་བྱེད་སྒོ་དེ་ལས་ཁུངས་དང་ཁེ་ལས།  ཤང(གྲོང་རྡལ) གྲོང་ཚོ(སྡེ་ཁུལ)  སློབ་གྲྭ།  དམག་སྒར།  ཆོས་ལུགས་བྱེད་སྒོ་སྤེལ་གནས་སོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ།  དཔེ་བཟང་གྲོང་ཁྱེར(ས་ཁུལ)དང་དཔེ་བཟང་རྫོང(ཆུས) དཔེ་བཟང་ཤང(གྲོང་རྡལ)དང་ཁྲོམ་གཞུང་།  དཔེ་བཟང་གྲོང་ཚོ(སྡེ་ཁུལ)དང་དཔེ་བཟང་ལས་ཁུངས་བཅས་གཏོད་རྒྱུའི་སྒྲིག་འཛུགས་བྱེད་རྒྱུ་ཡིན་ཞིང་།  རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས།  རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་རྒྱུའི་གཟེངས་བསྟོད་ཚོགས་ཆེན་སྤྱིར་བཏང་ལོ་གསུམ་རེར་ཐེངས་རེ་ཚོགས་རྒྱུའི་གཏན་འཁེལ་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།