བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་དངོས་པོའི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ད་ལོ་བོད་ལྗོངས་ཀྱིས་མུ་མཐུད་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བཏོན་ཡོད་པས།  བོད་ལྗོངས་ཀྱིས་ད་ལོ་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་རེད།

ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད།  ནས་དང་འབྲི་གཡག  བཞོན་མ།  ཡུལ་ལུག  བོད་ཕག  བོད་སྨན་སྨན་རྒྱུ་སོགས་ས་མཐོའི་སྐྱེ་དངོས་ཐོན་ལས་རྟེན་གཞི10གཏོད་རྒྱུ་དང༌།  ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་གོང་འཕེལ་ཧུར་ཐག་གཏོང་རྒྱུ།  ཐོན་ལས་སྦྲེལ་ཐག་འཐུས་ཚང་དང་སྟོབས་ཆེར་བཏང་ནས་གཙོ་གནད་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ་ས་ཁོངས་ཀྱི་སྤུས་རྟགས་གཏོད་རྒྱུ་བཅས་མ་ཟད།  ཞིང་ཕྱུགས་ཐོན་རྫས་ལས་སྣོན་བྱས་ནས་ཕྱོགས་བསྡུས་དངོས་བསྒྱུར་བྱེད་ཚད་ཀྱང15%ཡན་ཟིན་པ་བྱེད་རྒྱུ་རེད།

ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད།  འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་དང་ས་གོ་ལའི་གླིང་སྣེ་གསུམ་པའི་ཡུལ་སྐོར་སྤུས་རྟགས་གཏོད་རྒྱུ་དང༌།  ཡུལ་སྐོར་ལས་རིགས་ཀྱི་པཱ་སེའི་ཡོང་སྒོ་ནས་ཐོན་ལས་ཡོངས་སྦྲེལ་ཕྱོགས་སུ་བསྒྱུར་རྒྱུ།  གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་ཏུ་བཏང་སྟེ་རིག་གནས་བློ་གསར་ཐོན་ལས་གོང་འཕེལ་གཏོང་རྒྱུ།  ཡུལ་སྐོར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་ཚོ4700ལས་བརྒལ་བ་དང་ཡོང་འབབ་སྒོར་དུང་ཕྱུར600ལས་བརྒལ་ཐུབ་པ་བྱེད་རྒྱུ་བཅས་རེད།

ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད།  རྒྱ་ཚའི་ཆུ་ཤུགས་གློག་ཁང་ནས་གློག་གཏོང་ཐུབ་པ་དང་སོལ་བ་ལུང་དང་ཡེར་པ་ཐང༌།  དྭགས་པོ་སོགས་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དང༌།  ས་འོག་ཚ་ནུས་དང་རླུང་གློག  ཉི་གློག་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ།  ལོ་མཇུག་ཏུ་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་འཕྲུལ་འདོན་གློག་ཤུགས་ཝ་སྟོང་ཚན་ཁྲི་ཚོ1000ལས་བརྒལ་ཐུབ་པ་བྱེད་རྒྱུ་བཅས་ཡིན།

འབྱུང་འཕྲོད་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད།  བཟོ་ལས་ཁྱབ་ཁོངས་ཀྱི་འབྱུང་འཕྲོད་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ་དང༌།  རང་བྱུང་འཐུང་ཆུའི་སྤུས་རྟགས་སྒྲིལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་ཤུགས་ཆེ་དང་ཚོང་སྒྱུར་རྒྱ་ཆེར་གཏོང་རྒྱུ།  མི་རིགས་ལག་ཤེས་བཟོ་ལས་གོང་འཕེལ་གཏོང་རྒྱུ།  བོད་ལུགས་གསོ་རིག་ཐོན་ལས10%ཡན་འཕར་ཐུབ་པ་བྱེད་རྒྱུ་བཅས་རེད།

དེང་རབས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུའི་ཐད།  ཁྲོམ་རའི་ལམ་སྲོལ་དང་དེང་རབས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུ་དང༌།  ཞབས་ཞུ་ལས་རིགས་ཀྱི་འཕར་ཐང10%ཡན་ཟིན་ཐུབ་པ་བྱེད་རྒྱུ་རེད།

མཐོ་གསར་གྲངས་འཛིན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད།  ཆ་འཕྲིན་དང་གྲངས་འཛིན་ལག་རྩལ་བེད་སྤྱོད་གང་མགྱོགས་བྱས་ཏེ་སློབ་གསོ་དང༌སྨན་བཅོས།  སྤྱི་ཚོགས་བཅོས་སྐྱོང༌།  ཐོན་ལས་མཐུན་སྦྱོར་གོང་འཕེལ།  སྲིད་དོན་ཞབས་ཞུ་སོགས་ལ་རམ་འདེགས་བྱེད་རྒྱུ་དང༌།  ཞིང་འབྲོག་ཁུལ་དུ་གློག་རྡུལ་ཚོང་གཉེར་ཞབས་ཞུ་ཡོངས་སུ་ཁྱབས་པ་བྱེད་རྒྱུ་མ་ཟད། G5བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་ལོ་མཇུག་ཏུ་གྲོང་ཁྱེར་དང་ས་ཁུལ་ཁག་གི་གནས་ཡུལ་དུG5ཡི་དྲ་བ་ཁེབས་ཐུབ་པ་བྱེད་རྒྱུ་ཡིན།

མཐའ་མཚམས་ཚོང་དོན་ཟོག་འགྲུལ་ལས་རིགས་གོང་འཕེལ་གཏོང་རྒྱུའི་ཐད།  ལྷ་ས་དང་གཞིས་རྩེའི་རྒྱལ་ཁབ་ཟོག་འགྲུལ་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་དང༌།  གློག་རྡུལ་ཚོང་གཉེར་དང་ཟོག་འགྲུལ་བྱེད་རྒྱུ་དེ་ཐོན་ལས་དང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་ནས།  ཞིང་འབྲོག་ཁུལ་དུ་དེང་རབས་ཚོང་དོན་ཟོག་འགྲུལ་གང་མགྱོགས་བསྣུར་བསྲིང་གཏོང་རྒྱུ་དང༌།  ཟོག་འདྲེན་མ་གནས་མུ་མཐུད་གཅོག་རྒྱུ་དང་ཆབས་ཅིག་མཐའ་མཚམས་ཚོང་དོན་གྱི་སྒྲིག་བཀོད་འཐུས་ཚང་བཟོ་རྒྱུ་ཡིན་ལ།  མཐའ་མཚམས་ཀྱི་འབོར་གྲངས་ཉུང་བའི་ཚོང་དོན་རྒྱ་སྐྱེད་བཏང་སྟེ་མཐའ་མིའི་ཁྲོམ་རའི་ཉོ་ཚོང་བྱེད་ཚད་ལྡབ་གཅིག་ཡན་འཕར་ཐུབ་པ་བྱེད་རྒྱུ་བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།