གཞིས་རྩེ་གྲོང་ཁྱེར་གྱིས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་དམིགས་ཚད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “གནམ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་དྭངས་མོ། མཁའ་རླུང་གཙང་མ”བཅས་ཀྱི་མཛེས་སྡུག་ལྡན་པའི་ཇོ་མོ་གླང་མའི་མིང་བྱང་ཧུར་ཐག་བཏོད་དེ། སྣོད་བཅུད་ཤེས་དཔལ་འཛུཌ་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱས་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཆེན་པོའི་ནུས་པ་འདོན་སྤེལ་བྱས་པ། 2019ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ལྟ་ཞིབ་ཚད་ལེན་དང་རྒྱལ་ཁབ་ཚོད་འཛིན་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བ་རེད། གཞིས་རྩེ་གྲོང་ཁྱེར་ནང་ཁུལ་གྱི་གཅིག་བསྡུས་རྣམ་པའི་འཚོ་བའི་སྤྱོད་ཆུའི་ཆུ་འགོ་ཁུལ་2ལ་ཟླ་རེར་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་པ་དང་། ལྟ་ཞིབ་ཚད་ལེན་བྱས་འབྲས་ཚང་མ་ཚད་ལོན་ཡོད་པ་རེད། གཞན་ཡང་། ལྟ་འདོམས་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་གྲངས་གཞིའི་སྤུས་ཚད་ཚོད་འཛིན་ནན་པོ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་གྲངས་གཞི་ཚན་རིག་དང་མཐུན་ཞིང་ནུས་ལྡན་ཡིན་པའི་འགན་ལེན་བྱས་པ་རེད། 2019ལོའི་ཟླ་དང་པོ་ནས་བཅུ་པའི་བར། གཞིས་རྩེ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེཌ་པའི་ཉིན་གྲངས་གྱི་བསྡུར་ཚད97.4%ཟིན་ཡོད་པ་རེད།

ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱས་ནས་ལྟ་ཞིབ་ཁྲིམས་བསྟར་ལས་དོན་ནན་པོ་སྤེལ་བ། གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་ཁོར་ཡུག་གི་ཁྲིམས་འགལ་སྣང་ཚུལ་བཅོས་སྒྲིག་ནན་པོ་བྱས་ནས། ཁོར་ཡུག་གི་མངོན་མེད་རྐྱེན་ངན་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱས་པ་མ་ཟད། ཡིག་འབུལ་ངོ་བཅར་ཐད་ཀར་དང་མཉམ་དུ་སྒྲུབ་གཉེར་བྱེད་པར་ཞིབ་གཅོད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་བ་རེད། མིག་སྔའི་བར། ཅུས་དེས“12369”ཁ་པར་གྱི་ཡིག་འབུལ་ངོ་བཅར་ཁྱོན་ཐེངས་33བདག་སྤྲོད་བྱས་པ་ཚང་མ་སྒྲུབ་གཉེར་ཐག་གཅོད་བྱས་ནས། དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བརྡ་ཐོ་15བཏང་བ་དང་སྲིད་འཛིན་ཆད་གཅོད་ཆོད་ཡིག་4བཏང་བ་རེད།

དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་པར་བྱས་པ། 2019ལོའི་ཟླ་6ཚེས་5ཉིན། འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་ཞེ་བརྒྱད་པའི་ཐོག གཞིས་རྩེ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས“མཛེས་སྡུག་ལྡན་པའི་གཞིས་རྩེ། ང་ནི་བྱ་སྤྱོད་སྤེལ་མཁན་ཡིན” ཞེས་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།