བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བཟོ་བྱེད་ཚད90%ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོ་བྱེད་ཚད་དེ90.19%ཟིན་པ་དེས་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བཟོ་རྗེས་ལུས་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་བ་དང་། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་ཐད་འབྲས་བུ་མངོན་གསལ་དོད་པོ་ཐོན་ཡོད།

བོད་ལྗོངས་ཀྱི་གྲོང་རྡལ་གྱི་བཙོག་ཆུ་གཙོ་བོ་འཚོ་བའི་ཁྲོད་ནས་ཐོན་ཞིང་།  དེའི་ཁར་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་དུ་གནས་པས། གྲོང་རྡལ་གྱི་བཙོག་ཆུ་ལ་གར་ཚད་དམའ་བ་དང་དྲོད་ཚད་དམའ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། སྲོལ་རྒྱུན་གྱི་ཐག་གཅོད་ལག་རྩལ་དེ་གྲང་ངར་ཆེ་བའི་ས་ཁུལ་དུ་སྐྱེ་དངོས་འབུ་ཕྲའི་གསོན་ཚད་དམའ་བ་དང་། སྐྱེལ་འདྲེན་སྲུང་སྐྱོང་གི་མ་གནས་མཐོ་བ། བཀོལ་སྤྱོད་ལག་རྩལ་གྱི་རེ་བ་མཐོ་བ་སོགས་ཀྱི་རྐྱེན་གྱིས་བཀོལ་སྤྱོད་རང་བཞིན་ཞན་པ་རེད།

 གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱིས་བཙོག་ཆུ་གཙང་བཟོ་བཟོ་གྲྭ18བཙུགས་པ་དང་། བཟོ་གྲྭ14ཚོད་ལྟ་བྱས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། འཛུགས་སྐྲུན་བྱེད་བཞིན་པའི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད56ཡོད་པས་བོད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོ་བྱེད་ཚད90.19%ཟིན་པ་དང་། རྫོང་གྲོང་དང་དེ་ཡན་གྱི་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོ་བྱེད་ཚད65.15%ཟིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱི་ཐིན་ཀྲང་བསོད་ནམས་ཉི་མས་བོད་ལྗོངས་ཀྱི་སྐྱེ་ཁམས་ཉམས་ཞན་དང་། བཙོག་ཆུ་གཙང་བཟོ་ལས་གཞི་འཛུགས་སྐྲུན་གྱི་ནང་དོན་ལ་བཙོག་ཆུ་སྦུག་དྲ་དང་། མིས་བཟོས་འདམ་ར། དིམ་གསིང་རྫིང་བུ། ཆུའི་སྤུས་ཚད་ལྟ་སྐུལ་ཚོད་འཛིན་ཡོ་ཆས། ཚོད་ལྟའི་ཁང་བ་སོགས་ཀྱི་སྒྲིག་བཀོད་ཚུད་ཡོད་པས་འཛུགས་སྐྲུན་ཟིན་རྗེས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བཟོ་བྱེད་ནུས་ཇེ་ལེགས་སུ་འགྲོ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བཟོ་རྗེས་ལུས་ཀྱི་རྣམ་པའང་ཇེ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་རྨང་གཞི་བཏིང་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།