བོད་ལྗོངས་ཀྱི་ཚན་རྩལ་གྱིས་ཞིང་ཕྱུགས་ལས་ལ་ཕན་ཐོགས་ཚད50%ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། དངུལ་བུན་གཡར་ནས་སྐྱེད་ཀ་སྤྲོད་པ། རྣམ་གྲངས་ལ་ཁ་གསབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚན་རྩལ་གསར་གཏོད་དང་ཚན་རྩལ་རྣམ་གྲངས་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཏེ་ལོ་ཧྲིལ་པོར་ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར10ཡན་བཏང་བ་དང་། ནོར་སྲིད་ཀྱིས་ཚན་རྩལ་ཐད་མ་དངུལ་གཏོང་ཚད་དང་མཐོ་གསར་ལག་རྩལ་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་སོ་སོར23%དང19%འཕར་ཡོད་དེ། ཚན་རྩལ་གྱིས་ཞིང་ཕྱུགས་ལ་ཕན་ཐོགས་ཚད51%ལ་སླེབས།

དམངས་གཙོ་བཅོས་བསྒྱུར་མ་བྱས་སྔོན་དུ་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་དེ་རྨོ་འདེབས་རགས་ལས་དང་གནམ་ལ་བརྟེན་ནས་ཕྱུགས་གསོ་བའི་གདོད་མའི་ཐོན་སྐྱེད་ཀྱི་ཆུ་ཚད་ཡིན། ལོ་མང་པོར་མ་དངུལ་བཏང་བ་དང་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་ཁྱབ་གདལ་བཏང་བར་བརྟེན་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་ཡོད། 2019ལོར་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་དང་ཕྱུགས་རིགས་བཤས་ཁོངས་སུ་གཏོང་ཚད་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད། དེའི་ཁྲོད་འབྲུ་རིགས་ཐོན་ཚད་ཏུན་ཁྲི105ཟིན་པ་དང་ཤ་རིགས་དང་འོ་མའི་ཐོན་ཚད་ཏུན་ཁྲི90ལས་བརྒལ་ཡོད་པ་རེད། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར48.9ཟིན་པ་དེ་དུས་མཚུངས་ལས16%འཕར་ཡོད། 

ད་ལོར་བོད་ལྗོངས་ཀྱིས་ཞིང་ཕྱུགས་ཚན་རྩལ་ཞིབ་འཇུག་དང་གྲུབ་འབྲས་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ཁེ་ལས་ཀྱིས་ཚན་རྩལ་ཐད་མ་དངུལ་མང་པོ་གཏོང་བར་སྣེ་ཁྲིད་བྱས་ཏེ། ཚན་རྩལ་ཐད་ཀྱི་དངུལ་གཏོང་གི་འཕར་ཚད་ན་ནིང་ལས་མང་བར་ཁག་ཐེག་བྱས། དེ་དང་ཆབས་ཅིག་ནས་དང་འབྲི་གཡག་གི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྨོ་ཞིང་མུའུ་ཁྲི200ཡི་སྤུས་ཚད་མཐོར་འདེགས་ལས་གཞི་དང་ནོར་ལུག་ཁྲི30ཡི་ཕྱུགས་རྒྱུད་ལེགས་བཅོས་རྣམ་གྲངས་སྤེལ་ནས། སྔོ་ཚལ་དང་ཤ་རིགས། འོ་མ་བཅས་ཀྱི་ཐོན་ཚད་ཆ་སྙོམས་སུ་ཏུན་ཁྲི100ལ་སླེབས་པར་ཁག་ཐེག་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།