ལྷ་སའི་མཁའ་དབུགས་སྤུས་ཚད་ཀྱི་ལེགས་ཚད99.7%ལ་སླེབས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་མཁའ་དབུགས་སྤུས་ཚད་ཀྱི་ལེགས་ཚད99.7%ལ་སླེབས་ནས། གཙང་པོ་དང་མཚེའུ། གྲོང་ཁྱེར4ཡི་གཅིག་བསྡུས་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད100%ལ་སླེབས་ཡོད་དེ། སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི7.1དང་རི་རྒྱ་ནགས་གསོ་མུའུ་ཁྲི6.2ལེགས་འགྲུབ་བྱས་ཡོད་པས“མཛེས་སྡུག་ལྡན་པའི་ལྷ་ས”སྔར་བཞིན་མཛེས་སྡུག་ལྡན་པ་རེད། 

གསར་འགོད་པས་ཚེས12ཉིན་ལྷ་ས་གྲོང་ཁྱེར་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། འདས་ཟིན་པའི་ལོ་གཅིག་ནང་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཚད་གཞི་ནན་སྲུང་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་བཟོ་འགོད་གཅིག་གྱུར་ལག་བསྟར་བྱས་པ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་སོགས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དང་ནུས་པ་ལེགས་སྒྲིག་བྱ་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་དྲ་མིག་ཅན་གྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱབ་པ་སོགས་བྱས་ནས། གཙོ་གནད་ཁེ་ལས45ལ་སྦགས་བཙོག་འབྱུང་ཁུངས་དྲ་ཐོག་ནས་རང་འགུལ་ངང་ལྟ་སྐུལ་ཚོད་འཛིན་བྱེད་པའི་བྱ་བ་སྤེལ་བ་རེད། 

གཞན་ཡང་། ལྷ་ས་གྲོང་ཁྱེར་གྱི་ཤང་གྲོང64ཡིས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གསར་སྐྲུན་དང་མིང་འདོགས་པའི་བྱ་བ་ལེགས་འགྲུབ་བྱས་པ་དང་། འདམ་གཞུང་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་ཁག་སྐོར་གསུམ་པར་བདམས་པ་དང་མཁའ་དབུགས་སྤུས་ཚད་ལེགས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར168ཀྱི་ཁྲོད་ཨང་གཉིས་པར་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།