བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི2019ལོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར616ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ཚེས12ཉིན་ལྷ་ས་གྲོང་ཁྱེར་དུ་བསྡུས་ཤིང་། ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གོ་གོས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ་རེད། སྙན་ཞུའི་ནང་བསྟན་དོན། ལྷ་ས་གྲོང་ཁྱེར་གྱི2019ལོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ནས་སྔོན་དཔག་བྱས་ན་སྒོར་དུང་ཕྱུར616ལ་སླེབས་རྒྱུ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན9%འཕར་ཡོད། 

ཧྲི་ཀྲང་གོ་གོས2019ལོར་ལྷ་ས་གྲོང་ཁྱེར་གྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར117.04ལེགས་འགྲུབ་བྱས་ནས6.3%འཕར་བ་དང་ནོར་སྲིད་རང་མཁོ་རང་སྤྲོད་ཐུབ་ཚད42%ཟིན་པ་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་མཐར་ཕྱིན་སློབ་མ4600ལྷག་ཙམ་ལས་ཞུགས་ཐུབ་ཚད99.2%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1.3མང་དུ་ཕྱིན་པ་དང་ཞིང་འབྲོག་པ་མི་ཐེངས་ཁྲི17.1ལས་ཞུགས་གཞན་སྒྱུར་བྱས་པས་སྔར་བས་ལྷག་པའི་ལས་ཞུགས་མངོན་འགྱུར་བྱུང་ཡོད་ཟེར། 

སྙན་ཞུའི་ནང་བསྟན་དོན། བོད་ལྗོངས་ལྷ་སའི་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་སྔོན་དཔག་བྱས་ན2019ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི4ལས་བརྒལ་བ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི1.626ཟིན་ནས་སོ་སོར12%དང13.2%འཕར་ཡོད་པ་རེད། དེའི་ནང་ཞིང་འབྲོག་པའི་ཡོང་འབབ2010ལོ་དང་བསྡུར་ན་ལྡབ་གཉིས་འཕར་ཡོད། 

ལྷ་ས་གྲོང་ཁྱེར་གྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཚད་མུ་མཐུད་དུ་ཇེ་མང་དུ་བཏང་ཞིང་། དཔལ་སྡིངས་མཐོ་རིམ་སློབ་འབྲིང་དང་མཁར་ནུབ་དམའ་རིམ་སློབ་འབྲིང་བསྐྲུན་པ་དང་། ལོ་ཧྲིལ་པོར་རིགས་སོ་སོའི་སློབ་གྲྭ83གསར་སྐྲུན་དང་རྒྱས་སྐྲུན་བྱས་ཡོད། 

ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ནས2019ལོར་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཐོག་མ་བདེ་བླག་ངང་གསར་སྐྲུན་བྱས་ཤིང་།  རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ2གསར་དུ་བསྣན། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི2300ལྷག་ཙམ་ལ་སྣེ་ལེན་བྱས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར348མངོན་འགྱུར་བྱུང་ཡོད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།