ན་ནིང་བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱིས་དངུལ་གཏོང་སྒོར་དུང་ཕྱུར391དངོས་འབེབས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས2020ལོའི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2019ལོའི་རིང་ལ། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁོངས་ཀྱིས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕན་ནུས་ལྡན་པའི་དངུལ་གཏོང་བརྟན་ཐོག་ཡར་འཕེལ་བྱུང་ནས། ལོ་འཁོར་གྱི་དངུལ་གཏོང་སྒོར་དུང་ཕྱུར391དངོས་འབེབས་བྱས་པར་འཆར་གཞི་ལས44.81%བརྒལ་ཡོད་ཅིང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བསྡོམས་པས་ཀྲུང་དབྱང་གི་དངུལ་གཏོང་དངོས་འབེབས་བྱེད་ཚད་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད། 

2019ལོར་དངོས་འབེབས་བྱས་པའི་ལོ་འཁོར་གྱི་དངུལ་གཏོང་ཁྲོད། ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན་མ་དངུལ་སྒོར་དུང་ཕྱུར63དང་། ནོར་སྲིད་ཀྱི་ལྷག་འཕྲོའི་མ་དངུལ་སྒོར་དུང་ཕྱུར43། ཀྲུང་དབྱང་གི་དངུལ་གཏོང་སྒོར་དུང་ཕྱུར278.8། ས་གནས་ཀྱིས་གྲབས་གསོག་མ་དངུལ་སྒོར་དུང་ཕྱུར6.2བཅས་འདུས། ལྷག་པར་དུ་དངུལ་རྩའི་སྲིད་ཇུས་ལེགས་སྒྲིག་བྱེད་པའི་གནས་ཚུལ་འོག་བོད་ལྗོངས་ཀྱིས་ས་གནས་ཀྱི་བུན་འཛིན་འགྲེམས་སྤེལ་དང་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལྷག་དངུལ་ཧྲག་བསྡུ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར96.5གྲབས་གསོག་བྱས་ཏེ་སྐྲུན་བཞིན་པའི་རྣམ་གྲངས་བདེ་བླག་ངང་སྤེལ་བར་འགན་སྲུང་ཡག་པོ་བྱས། གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར458བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྩིས་སྤྲོད་བྱས་པའི་དམིགས་འབེན་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱས། དེའི་ཁྲོད་གཙོ་གནད་གཞུང་ལམ་ལས་གཞིར་སྒོར་དུང་ཕྱུར257དང་། ཞིང་སྡེའི་གཞུང་ལམ་ལས་གཞིར་སྒོར་དུང་ཕྱུར127། མཐའ་སྲུང་གཞུང་ལམ་ལས་གཞིར་སྒོར་དུང་ཕྱུར47། རྣམ་གྲངས་གཞན་དག་ལ་སྒོར་དུང་ཕྱུར27བཅས་ཡོད། “ལོ་ལྔ་འཆར་གཞི་བཅུ་གསུམ་པའི”རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2082བཏང་བ་དེ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་གོ་རིམ་གྱི་འཕེལ་རིམ་ལས་བརྒྱ་ཆའི་གྲངས7བརྒལ་བ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཀྱིས་ལྗོངས་ཡོངས་ཀྱི་དངུལ་གཏོང་བརྟན་པོའི་ངང་འཕར་སྣོན་བྱུང་བར་སྣེ་ཁྲིད་དང་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་ནུས་པ་ཐོག་མཐའ་བར་གསུམ་དུ་མངོན་གསལ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།