ད་ལོར་བོད་ལྗོངས་ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར། ལྗོངས་ཡོངས་སུ་བསྡོམས་པས་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར458གཏོང་བ་ལེགས་འགྲུབ་བྱས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ལོ་འཁོར་དམིགས་ཚད་ལས་འགན་གྱི100.7%ཟིན་ཡོད་པས་སྔོན་དཔག་དམིགས་འབེན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་།

2019ལོའི་ཟླ11པའི་མཇུག་གི་ཚུན་དུ། ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི10ལས་བརྒལ་བ་རེད། བོད་ལྗོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་མཐོ་རིམ་ཅན་འཛུགས་སྐྲུན་བྱ་བ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་རིམ་དུ་སླེབས་ཡོད་དེ། G4218ཉིང་ཁྲི་ནས་ལྷ་ས་བར་དང་། G4218གཞིས་ཀ་རྩེ་གནམ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར། G4219རྩེད་ཐང་ནས་གུང་དཀར་གནམ་ཐང་བཅས་སུ་གཞུང་ལམ་སྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་ཤིང་། G4218ལྷ་ས་ནས་གཞིས་ཀ་རྩེ་གནམ་ཐང་བར་གྱི་གཞུང་ལམ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་ཀྱིན་ཡོད་ལ། ཉིང་ཁྲི་དང་ལྷོ་ཁ་གྲོང་ཁྱེར་བར་དུ་མཐོ་རིམ་གཞུང་ལམ་ཤར་གཏོང་བྱས་པ་དང་། ནག་ཆུ་དང་གཞིས་ཀ་རྩེ་གྲོང་ཁྱེར་ལའང་སྔ་རྗེས་སུ་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་གཞིའི་ཁྲོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཡོངས་རྫོགས་ལས་མཇུག་སྒྲིལ་བ་དང་གསར་དུ་ལས་འགོ་བརྩམས་པའི་རྣམ་གྲངས་ཁྲོད་ཞེ་ཨར་ཝ་ཟམ་ཆེན་མ་གཏོགས་ཚང་མ་འཛུགས་སྐྲུན་བྱེད་འགོ་བརྩམས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐག་2015ལོའི་སྤྱི་ལེ11950ནས་སྤྱི་ལེ29353ལ་འཕར་ནས་ལོ་རེར་ཆ་སྙོམས་སྤྱི་ལེ4243འཕར་ཡོད། 

“ལོ་ལྔའི་ཚན་བཅུ་གསུམ་པའི”འཆར་གཞི་མཇུག་འགྲིལ་ཉེར་ཡོད་པ་དང2020ལོར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས“ཁ་གཡར་ས་མི་འཚོལ་བ་དང་། འགན་འཁྲི་འཁུར་ཕོད་པ། ཆ་རྐྱེན་མི་འདོན་པ།  སྔོན་ལ་ཇུས་འགོད་བྱེད་པ”བཅས་ལས་ཀའི་ཚད་གཞིར་བྱས་ཏེ་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབ་རྒྱུ་སྟེ། འཆར་གཞི་བཀོད་སྒྲིག་ལུགས་མཐུན་དང་མ་འཇོག་དོན་འཁྱོལ་ཧུར་ཐག་བྱ་རྒྱུ། འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་འགན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་ལས་དོན་སྙན་ཞུ་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། དུས་འགོའི་ལས་དོན་ལ་སྐུལ་འདེད་བཏང་ནས་རྣམ་གྲངས་གྲབས་གསོག་འགན་ལེན་བྱེད་དགོས། 

གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་ལས་གཞི་འཛུགས་སྐྲུན་ཐད། 2020ལོར། ཐོག་མར་ལྷ་ས་ནས་ནག་ཆུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མ་ལག་ལས་གཞི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་དུ་སླེབས་པར་བརྩོན་ལེན་བྱ་རྒྱུ་དང་། དེ་ནས་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་“ལོ་ལྔའི་ཚན་བཅུ་བཞི་པའི”དུས་འགོར་ཤར་གཏོང་ཐུབ་པར་ཆ་རྐྱེན་སྐྲུན་དགོས། དེ་མིན། མེ་ཏོག་ནས་རྫ་ཡུལ་བར་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་ཡང་ད་ལོར་ལས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།