ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གི་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གིས་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་ཤིང་། དེས་ལྷོ་ཁ་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་སྨན་རྫས་ཚན་ཞིབ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་བཙུགས་ནས་ལོ་འཁོར40རིང་། “ཤེས་ལྡན་མི་སྣ་གཙོ་བོར་འཛིན་པ་དང་། ཚན་སློབ་ལ་བརྟེན་ནས་སྨན་ཁང་དར་རྒྱས་གཏོང་བ། རིག་གནས་ལ་བརྟེན་ནས་སྨན་ཁང་གི་སྣང་བརྙན་བསྐྲུན་པ། ཁྱད་ལྡན་སྨན་ཁང་འཛུགས་པ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། ནང་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་བཅོས་ཆུ་ཚད་རྒྱ་ཆེར་གཏོང་བ་བཅས་བྱས་པས་ཕྱོགས་བསྡུས་དངོས་ཤུགས་དང་ཚན་ཞིབ་གསར་སྤེལ་ནུས་པ་མགྱོགས་མྱུར་ངང་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་དུ་བོད་ལུགས་གསོ་རིག་དང་། ཀྲུང་ལུགས་གསོ་རིག བོད་ལུགས་གསོ་རིག་དོ་དམ་སོགས་ཁྱབ་ཁོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ20ལྷག་ཙམ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་མཐོ་རིམ་ཆེད་ལས་ཤེས་ལྡན་པ40ལྷག་ཙམ་ཡོད་པས་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད། 

ལྷོ་ཁ་གྲོང་ཁྱེར་བོད་ལུགས་གསོ་རིག་སྨན་ཁང་གི་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱི་འགན་འཁུར་བ་དཔལ་སྒྲོན་གྱིས“ང་ཚོས་འབུམ་རམས་པའི་ལས་དོན་ས་ཚིགས་བེད་སྤྱོད་གང་ལེགས་བྱས་ནས་དེང་རབས་ཅན་གྱི་བྱང་ཚད་མཐོ་བའི་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་སྔར་བས་མང་པོ་གསོ་སྐྱོང་བྱས་ཏེ་ལྷོ་ཁའི་བོད་ལུགས་གསོ་རིག་དང་བོད་སྨན་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་མོ་ཡོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན། ”ཞེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།