ལྷ་སའི་དག་ཞིང་ཐོན་རྫས་ནན་ཅིན་དུ་འགྲེམས་ཚོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་བོད་ལྗོངས་ལྷ་སའི་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་གཙོ་གཉེར་བྱས་པའི“སུའུ་ལྷ་ཁྱིམ་ཚང་གཅིག་ལྟར་བརྩེ། མཐོ་སྒང་ལ་བརྩེ་སེམས་བཅངས”ཞེས་པའི་ལྷ་སའི་དག་ཞིང་བདེ་ཐང་ཐོན་རྫས་ནན་ཅིན་འགྲེམས་ཚོང་ཚོགས་འདུ་ནན་ཅིན་ཞིང་ཞོར་ཐོན་རྫས་ཟོག་འགྲེམས་ལྟེ་གནས་སུ་འཚོགས་པ་རེད།

 ལྷ་ས་གྲོང་ཁྱེར་ནས་ཐོན་པའི་ཁེ་ལས་གཙོ་བོ28འགྲེམས་སྟོན་ནང་ཞུགས་ཤིང་། འགྲེམས་རྫས་ལ་བཟའ་ཆས་དང་། བཏུང་བྱ། བོད་སྨན་སྨན་རྫས། རྒྱན་ཆ་རིགས་ཆེན་པོ་བཞི་དང་བཅས་ཁྱོན་རིགས200ཙམ་ཡོད་པའི་ནང་འབྲི་གཡག་གི་ཐོན་རྫས་དང་། ནས་ཀྱི་ཐོན་རྫས། བྱ་སྒོང་། གུར་ཀུམ་སོགས་ཚུད་ཡོད་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲེམས་ཚོང་ཚོགས་འདུ་ཡུལ་དངོས་སུ་ལྷ་སའི་དག་ཞིང་བདེ་ཐང་ཐོན་རྫས་ཁྱོན་སྒོར་ཁྲི128ལ་ཕྱིར་ཚོང་བྱས་པ་དང་།  དེའི་རིང་ལ་ལྷ་ས་གྲོང་ཁྱེར་དག་ཞིང་ཐོན་ལས་མ་འཇོག་གསར་སྤེལ་ཚོགས་པའི་ཚད་ཡོད་ཀུང་སི་དང་ནན་ཅིན་ཞིང་ཞོར་ཐོན་རྫས་ཟོག་འགྲེམས་ལྟེ་གནས་བར་ནས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ལ། ལྷ་སའི་བདེ་ཐང་ཐོན་རྫས་ཕྱིར་ཚོང་ཁྱབ་སྤེལ་གཏོང་ཆེད་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་དང་། ལྷ་ས་གྲོང་ཁྱེར་དག་ཞིང་ཐོན་ལས་མ་འཇོག་གསར་སྤེལ་ཚོགས་པའི་ཚད་ཡོད་ཀུང་སི། སུའུ་ཉིན་ཀུང་སི་བཅས་ཕྱོགས་གསུམ་བར་ནས་ཀྱང་མཉམ་ལས་གྲོས་མཐུན་བཞག་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།