ལྷ་ས་གྲོང་ཁུལ་གྱི་ལྗང་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2527ཟིན་རྒྱུ་རེད།

W020200108560405994984.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་གསར་འགོད་པས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུའུ་ནས་ཤེས་རྟོགས་བྱུང་གསལ། སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། 2018ལོའི་ཟླ་10པར་ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་ལས་གྲྭ་བདེ་བླག་ངང་རེ་ཞུ་བྱས་པ་དང་། ལས་གྲྭ་དེའི་ནང་གཙོ་གནད་ལས་གྲྭ་ཁག་14ཚུད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་49.15ཙམ་བཏང་ཡོད་པ་རེད། མིག་སྔའི་བར་ལྗང་མདོག་གྲོང་བསྐོར་རྣམ་གྲངས་དང་བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་ལས་གྲྭ་སོགས་རྣམ་གྲངས་10སྐྲུན་འགོ་ཚུགས་པ་དང་འབྲེལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད་པ་རེད། 

དགུན་དུས་ཀྱི་ལྷ་སར་གྲང་རླུང་འུར་འུར་དུ་ལྡང་བའི་དུས་སུ་སྔར་བཞིན་སྔོ་ལྗང་གི་རི་བོའི་མུ་ཁྱུད་ཀྱིས་ཡོངས་སུ་སྐོར་བ་མཐོང་ཐུབ་སྟེ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་ཚུལ་དེས་མི་རྣམས་རང་དབང་མེད་པར་ཁང་པའི་ཕྱི་རོལ་དུ་བསྐྱོད་འདོད་སྐྱེས་པ་དང་། གཟའ་མཇུག་ཏུ་ནང་མི་དང་གྲོགས་པོ་འཁྲིད་དེ་ཉེ་འགྲམ་གྱི་སྤྱི་གླིང་དུ་འཆམ་འཆམ་ དང་། རི་ལ་འཛེགས་པ་བཅས་བྱས་ནས་དགུན་དུས་ཉི་འོད་ཀྱི་དྲོད་འཇམ་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ནུབ་བྱང་མཐའ་འཁོར་དུ་ལྗང་མདོག་གྲོང་སྐོར་རྣམ་གྲངས་ཀྱི་གྲས་ཡིན་པའི“བྱང་རིའི་སྤྱི་གླིང”མཐོང་བྱུང་པ་དང་། ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གནས་དེ་ནི་ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ལས་གྲྭའི་ཚོད་ལྟའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ། དེ་གའི་ཁབ་ལོ་གསོམ་ཤིང་དང་ཤུག་པ་སོགས་ཚང་མ་ལྷ་ས་རང་སར་འདེབས་གསོ་བྱས་པའི་སྡོང་ཕྲུག་ཡིན་པས་གསོན་ཚད་མཐོ་ཞིང་ལོ་གཉིས་མ་འགོར་བར་རི་རྒོད་སྔོ་ལྗང་དུ་གྱུར་ཡོད་པ་རེད་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་2018ལོའི་ཟླ་10པར་ཡིག་ཐོག་སྙན་ཞུ་ལེགས་གྲུབ་བྱུང་སྟེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་49.1497གཏོང་རྒྱུའི་མཆན་བཀོད་བཀའ་ལན་སྤྲད་པ་རེད། ལས་གྲྭ་དེའི་ནང་གཙོ་བོ་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་སྟོད་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་དང་། དབུས་སྨད་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག ཉེ་འཁོར་གྱི་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་སླར་གསོའི་གྲྭ་ཆེན་པོ་གསུམ་ཚུད་ཡོད་ཅིང་། དེ་དག་ནི་ཆུ་མཁོ་འདོན་ལས་གྲྭ་དང་སྣོད་བཅུད་ལྟ་ཞིབ་ཚད་ལེན། ཆུ་རྒྱུད་བཅོས་སྐྱོང་། ནགས་བཟོ་ལྗང་འགྱུར། གཏེར་རི་ཉམས་གསོ་སོགས་གཙོ་གནད་འཛུགས་སྐྲུན་ལས་གྲྭ་14དང་འབྲེལ་བ་ཡོད་པ་རེད། མིག་སྔའི་བར་ལྗང་མདོག་གྲོང་བསྐོར་རྣམ་གྲངས་དང་བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་ལས་གྲྭ་སོགས་རྣམ་གྲངས་10སྐྲུན་འགོ་ཚུགས་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་10.931བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི་22.24%བཟུང་ཡོད་པ་རེད། 

ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ལས་གྲྭས“ནགས་ཚལ་འཚམ་ན་ནགས་ཚལ་དང་། རྩྭ་འཚམ་ན་རྩྭ། ས་རྒོད་འཚམ་ན་ས་རྒོད་ཡིན་པའི”རྩ་དོན་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་མཐའ་འཁོར་དང་དེ་བཞིན་རི་ལྡེབས་ནགས་བཟོ་ལྗང་འགྱུར་གྱི་རྣམ་གྲངས་ཏེ། སྔོ་ལྗང་གྲོང་བསྐོར་གྱི་རྣམ་གྲངས་ལག་བསྟར་བྱས་པ་རེད། རྣམ་གྲངས་དེ་ལག་བསྟར་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་དུ“སྔོ་ལྗང་རྟིང་གཞི་བྱེད་པ་དང་དུས་བཞིར་རྒྱུན་དུ་སྔོ་ལྗང་ཡིན་པ། དུས་ཚིགས་གསུམ་ལ་མེ་ཏོག་བཞད་པ། གནམ་སྔོ་ལ་ཆུ་དྭངས་པ”བཅས་ཀྱི་ས་མཐོའི་སྣོད་བཅུད་ལྡུམ་རའི་གྲོང་ཁྱེར་གཞི་རྩའི་ཆ་ནས་ཆགས་པ་དང་། གྲོང་ཁུལ་གྱི་ལྗང་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་2527ལས་བརྒལ་བ། གྲོང་ཁུལ་གྱི་ལྗང་འགྱུར་ཁྱབ་ཚད་36.73%ཟིན་པ། མི་རེའི་ཆ་སྙོམས་སྤྱི་གླིང་ལྗང་འགྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་11.9ཟིན་ཡོད་པ་རེད། 

བྱེ་འགོག་བྱེ་བཅོས་ཀྱི་གཙོ་གནད་ལས་གྲྭ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་གཞུང་ལམ་རྒྱུད་ཀྱི་རི་ངོས་མུའུ་7700ཡི་བྱེ་འགྱུར་ལ་བཅོས་སྒྲིག་བྱས་ནས་ལྷ་གོང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ལམ་རྒྱུད་ཀྱི་རི་ངོས་བྱེ་འགྱུར་གྱི་གནོད་འཚེ་སྔར་བས་ཆུང་དུ་བཏང་བ་དང་། ས་ཁོངས་ཀྱི་སྣོད་བཅུད་བདེ་འཇགས་རྣམ་པ་ཇེ་ལེགས་སུ་བཏང་བ། ས་ཁོངས་ཀྱི་སྣོད་བཅུད་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་བ། ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། ལྷ་ཀླུ་འདམ་ར་སྲུང་སྐྱོང་གི་དུས་ཐེངས་གསུམ་པའི་ལས་གྲྭ་ལག་བསྟར་བྱེད་བཞིན་ཡོད་པ་དང་ལྷ་ཀླུ་འདམ་རའི་ལྟེ་བའི་ཁུལ་གྱི་དུད་ཚང་གནས་སྤོ་དང་ཐབས་ལམ་སྣོད་བཅུད་ཉམས་གསོ། འདམ་རའི་སིམ་འགོག་ལས་གྲྭ གཙང་སེལ་ལས་གྲྭ འདམ་རའི་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ལྷ་ཀླུ་འདམ་ར་རིམ་བཞིན་ཁོར་ཡུག་མཛེས་སྡུག་ལྡན་པ་དང་སྒྲིག་བཀོད་སྔོན་ཐོན་ཡིན་པ། དོ་དམ་ནུས་ལྡན་ཡིན་པ། ནུས་པ་མང་བ་བཅས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཏུ་གྱུར་ཡོད་པ་རེད། མིག་སྔར་ལྷ་ཀླུ་འདམ་རའི་ནང་གི་སྲོག་ཆགས་རྩི་ཤིང་གི་ཁྱུ་ཚོགས་དང་སྐྱེ་དངོས་ཐོན་ཁུངས་སླར་གསོ་འཕེལ་རྒྱས་བྱུང་ཡོད་ཅིང་། འདམ་རའི་སྣོད་བཅུད་མ་ལག་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་དང་འབྲེལ་འཁོར་རྒྱུག་བཟང་པོ་བྱུང་ཡོད་པ་རེད།  

གྲོང་ཁྱེར་གྱི་གཙང་པོ་དང་མཐའ་འཁོར་གྱི་ལུང་ཤུར་བཅོས་སྐྱོང་ལས་གྲྭ་ལག་ལེན་བསྟར་ནས་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་གྱི་དུམ་བུ་དེ་ཆུ་སྐམ་པའི་དུས་སམ་ཡང་ན་ཆུ་སྙོམས་པའི་དུས་སུ་ཆུ་ངོས་བརྟན་པོ་ཆགས་པ་དང་། གྲོང་ཁྱེར་གྱི་ཆུ་འགོག་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་བ། གྲོང་ཁྱེར་གྱི་ཁོར་ཡུག་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་འབྲེལ་ས་འོག་གི་ཆུར་ཁ་གསབ་ནུས་ལྡན་བྱས་ཏེ་ཆུའི་ཁོར་ཡུག་ལེགས་སུ་བཏང་བ། ལྷོ་རྒྱུད་ཆུ་ཡུར་དང་བྱང་རྒྱུད་ཆུ་ཡུར། དབུས་རྒྱུད་ཆུ་ཡུར་སོགས་གྲོང་ཁུལ་རྒྱུད་དང་། དེ་བཞིན་ཤྭ་འོད་ཆུ་ཡུར་14བཅོས་སྒྲིག་ལས་གྲྭ་ལག་བསྟར་བྱས་ནས་ཆུའི་ཁོར་ཡུག་འགན་ལེན་ནུས་པ་ཆེ་རུ་བཏང་བ་མ་ཟད། གྲོང་ཁུལ་དང་ལྷ་ཀླུ་འདམ་རའི་ཆུ་རྒྱུད་ཀྱི་སྣོད་བཅུད་མ་ལག་སླར་གསོ་དང་ཆུ་རྒྱུད་ཀྱི་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱས་ཏེ་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ནུས་ལྡན་ངང་ཇེ་ལེགས་སུ་བཏང་ཡོད་པ་རེད། 

མིག་སྔའི་བར་ཧྭ་ཐའེ་ལུང་གཏེར་ལས་དང་ཅུས་ལུང་གཏེར་ལས། ཐེན་རེན་གཏེར་ལས་བཅས་ཀྱི་ས་ཞིང་བསྐྱར་གསོ་དང་ཉམས་གསོ། དེ་བཞིན་ས་གཤིས་གནོད་འཚེ་འགོག་སྲུང་ལས་གྲྭ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་། གཏེར་རིའི་མཐའ་འཁོར་གྱི་རི་ལྡེབས་བཅོས་སྐྱོང་རྣམ་གྲངས་དང་གཏེར་རིའི་ཆུ་འབུད་ཡུར་བུའི་རྣམ་གྲངས། གཏེར་རིའི་གྱང་འགོག་རྣམ་གྲངས་བཅས་ཚུད་པའི་ས་གཤིས་གནོད་འཚེ་འགོག་སྲུང་ལས་གྲྭ་ལག་བསྟར་བྱས་ཤིང་། ཤིང་འཛུགས་ནགས་གསོ་དང་རྩྭ་འདེབས་ལ་བརྟེན་ནས་རི་ལྡེབས་བརྟན་པོ་ཡོང་བ་དང་ས་གཤིས་གནོད་འཚེ་ཇེ་ཆུང་དུ་བཏང་བ། གཏེར་རིའི་ས་ཆུ་ཤོར་ཚུལ་ཞི་འཇགས་ནུས་ལྡན་བཏང་བ། ས་རྒྱུའི་སྤུས་ཚད་ཇེ་ལེགས་སུ་བཏང་བ། གཏེར་རིའི་སྣོད་བཅུད་མ་ལག་རིམ་བཞིན་སླར་གསོ་བྱས་ཡོད་པ་རེད། 

འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བཅས་ཀྱི་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་ཚུན། དོ་དམ་སྒྲིག་གཞི་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་དང་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་བར་མཐོངས་བཀོད་སྒྲིག་ཇེ་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་དང་། སྣོད་བཅུད་བར་མཐོངས་། ཞིང་ལས་བར་མཐོངས་དང་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས། ཡུན་རིང་གཞི་རྩའི་ཞིང་ས། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་བཅས“ཁུལ་གསུམ་དང་ལམ་ཐིག་གསུམ”གྱི་དོ་དམ་ཚོད་འཛིན་མ་ལག་ཐོག་མར་ཆགས་ཡོད་ལ། རིམ་པ་རྗེས་མར་ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གི་མ་དངུལ་བསྡུ་སྒྲིལ་བེད་སྤྱོད་ཀྱི་ཕན་འབྲས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། འཆར་འགོད་དང་རྣམ་གྲངས་ཇུས་གཞི་གཞིར་བཟུང་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བཅས་ཁྱབ་ཁོངས་ཁག་གི་སྣོད་བཅུད་སྲུང་སྐྱོང་སླར་གསོ་ལ་སྤྱི་འདོམས་སྐུལ་འདེད་བཏང་ཐོག ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་བཅོས་སྐྱོང་དོ་དམ་ཆུ་ཚད་མཐོ་འདེགས་གང་ལེགས་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།