བོད་ལྗོངས་ཀྱི་གསར་སྣོན་སྲིད་འཛིན་གྲོང་ཚོ669ལ་ཨར་ལམ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་གསར་དུ་ཞིང་སྡེའི་གཞུང་ལམ་སྤྱི་ལེ4700བསྒྱུར་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ལོ་ཧྲིལ་བོར་གསར་སྣོན་ཤང་གྲོང22དང་སྲིད་འཛིན་སྡེ་བ669ལ་ཨར་ལམ་བསྐྲུན།

དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལེགས་པོར་སྒྲུབ་ཏེ་རོང་འབྲོག་མང་ཚོགས་ཕྱུག་སྒྱུར་འབྱུང་བར་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་ཆེད། བོད་ལྗོངས་ཀྱིས“ཞིང་སྡེའི་གཞུང་ལམ་བཞི་ལེགས་ཅན”འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཆེན་པོ་བཏང་། 2019ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་བསྡོམས་པས་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར2.21བཀོད་སྒྲིག་བྱས་ཏེ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཐད་བེད་སྤྱོད་བྱས་པ་དང་། ཞིང་སྡེའི་གཞུང་ལམ་ཚེ་སྲོག་སྲུང་སྐྱོང་ལས་གཞིའི་གཞུང་ལམ་སྤྱི་ལེ14478བཅོས་སྒྲིག་བྱས་པར་རོང་འབྲོག་པའི་ཕྱིར་བསྐྱོད་ཆ་རྐྱེན་ལ་ལེགས་བཅོས་མངོན་གསལ་བྱུང་།

དེ་མིན2019ལོར་བོད་ལྗོངས་ཡོངས་སུ་ཞིང་སྡེའི་འགྲུལ་སྐྱེལ་ལམ་ཐིག203ཤར་གཏོང་བྱས་པ་དང་། འཁོར་སྐྱོད་རླངས་འཁོར411ཡོད་དེ། རིམ་ལྡན་འགྲུལ་སྐྱེལ་ས་ཚིགས89འཛུགས་སྐྲུན་ལེགས་འགྲུབ་བྱུང་། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་རླངས་འཁོར་ཤར་གཏོང་བྱེད་ཚད་སོ་སོར70%དང47%སླེབས་ཏེ་རོང་འབྲོག་མང་ཚོགས་ཕྱིར་བསྐྱོད་དཀའ་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་ཐུབ་པ་བྱུང་།

བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཐིན་ཀྲང་གིས2020ལོར་བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་རླངས་འཁོར་ཤར་གཏོང་བྱེད་པའི་ལམ་ཐག་སྤྱི་ལེ་ཁྲི10.4ལ་བསླེབ་པ་མངོན་འགྱུར་བྱ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་བཅས་ལ་གཞུང་ལམ་གཏོང་ཚད་སོ་སོར95%དང75%ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།