བོད་ལྗོངས་ཀྱིས2019ལོར་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི4000ལས་ཐོག་མར་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་ཚེས7ཉིན་ཚོགས་འགོ་བརྩམས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས2019ལོའི་ལོ་ཧྲིལ་བོར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི4000ལས་ཐོག་མར་བརྒལ་བ་དང་། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར560ལ་སླེབས་ཡོད་ལ། རོང་འབྲོག་མང་ཚོགས་ཁྲི40ལྷག་གནས་སྐོར་ཐོན་ལས་ཁྲོད་ཞུགས་ཏེ་དབུལ་ཐར་མཁྲེགས་སྐྱོར་བྱ་བར་སྔར་ལས་སྐུལ་འདེད་བཏང་། 

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་རིག་གནས་གནས་སྐོར་ཐོན་ལས་རིམ་བཞིན་འཐུས་ཚང་དུ་གྱུར་ཏེ། རོང་འབྲོག་མང་ཚོགས་ལས་ཞུགས་སྤོ་སྒྱུར་དང་ཡོང་སྒོ་འཕར་སྣོན་བྱུང་བའི་ཐབས་ལམ་གཙོ་བོ་རུ་གྱུར་ཡོད། ལྗོངས་ཡོངས་ཀྱི་རིག་གནས་འཁྲབ་སྟོན་ལས་རིགས་ཀྱིས་རོང་འབྲོག་པ་ཁྲི1.6ལས་ཞུགས་སྤོ་སྒྱུར་བྱས་ཏེ། མི་རེའི་ཆ་སྙོམས་ཀྱི་ལོ་རེའི་ཡོང་སྒོ་སྒོར17000ཙམ་ཡོད། ཟློས་གར་ཆེན་མོ《རྒྱ་བཟའ་ཀོང་ཇོ》ལ་བརྟེན་ནས་ལོ་ཧྲིལ་བོར་གནས་སྐོར་བ་མི་ཐེངས་ཁྲི300ཙམ་སྣེ་ལེན་བྱས་ནས་བསྡོམས་པས་ལས་ཞུགས་མི་ཐེངས4000ལྷག་ཐག་གཅོད་བྱས་པ་དང་། ཟླ་ཕོགས་སྒོར་དུང་ཕྱུར2.3ལྷག་གཏོང་སྤྲོད་བྱས། གསར་དུ་འཁྲབ་འགོ་བརྩམས་པའི་དངོས་ལྗོངས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལ་བརྟེན་ནས་ལས་ཞུགས་ལས་གནས700ཙམ་འདོན་སྤྲོད་བྱས་ཡོད་དེ། ཟློས་གར་འདི་གཉིས་བོད་ལྗོངས་ཀྱི་རིག་གནས་གནས་སྐོར་ཐོན་ལས་ཀྱི་རྣམ་གྲངས་གྲགས་ཅན་དུ་གྱུར་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མཉམ་རྒྱལ་གྱི་རྣམ་པ་མངོན་འགྱུར་བྱས།

ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་དུ་ཕེབས་པའི་སྲིད་ཇུས་དངོས་འབེབས་བྱས་པ་བརྒྱུད། ལྗོངས་ཕྱི་ནང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 2018ལོའི་ཟླ2བ་ནས་བཟུང་བོད་ལྗོངས་ཀྱིས་དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་བསྐྱོད་པའི་བྱ་འགུལ་སྐོར་ཐེངས་གསུམ་སྤེལ་བར་དགུན་དུས་ཀྱི་གནས་སྐོར་ཚོང་རར་སྐུལ་འདེད་ཆེན་པོ་ཐེབས། སྐོར་ཐེངས་སྔོན་མ་གཉིས་ཀྱིས་གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར60ཙམ་མངོན་འགྱུར་བྱས་ལ། སྐོར་ཐེངས་གསུམ་པ2019ལོའི་ཟླ10བ་ནས་བཟུང་སྤེལ་འགོ་བརྩམས་ཏེ2020ལོའི་ཟླ3པར་མཇུག་རྗོགས་རྒྱུ་རེད། དེ་མིན2019ལོར་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ10གསར་སྣོན་བྱས་ཡོད་དེ། ལྷོ་ཁའི་ལྷུན་རྩེ་གནམ་གྲུ་ཐང་སོགས་ཡན་ལག་གནམ་གྲུ་ཐང3གྱི་འཛུགས་སྐྲུན་ལས་གཞིའང་འགོ་བརྩམས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།