ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་གཏོང་ཚད་སོ་སོར86%དང60%ལ་སླེབས་ཡོད།
ཚེས6ཉིན་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུ་བོད་ལྗོངས་ལྷ་ས་རུ་བསྡུས།
རྒྱུས་ལོན་པ་ལྟར་ན། 2019ལོར། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ལོ་འཁོར་གྱི་དངུལ་གཏོང་སྒོར་དུང་ཕྱུར391དངོས་འབེབས་བྱས་ཤིང་འཆར་གཞི་སྔོན་མ་ལས44.81%བརྒལ། གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་སྒོར་དུང་ཕྱུར458ལེགས་འགྲུབ་བྱས་ཏེ། ཀྲུང་གོ་འགྲེིམ་འགྲུལ་སྐྱེལ་འདྲེན་པུའུ་དང་བོད་ལྗོངས་ཀྱིས་ས་གནས་ལ་སྤྲད་པའི་དམིགས་འབེན་ལས་འགན་ཚད་ལས་བརྒལ་ཏེ་ལེགས་འགྲུབ་བྱུང་། དེའི་ཁྲོད། གཙོ་གནད་གཞུང་ལམ་རྣམ་གྲངས་ཐད་སྒོར་དུང་ཕྱུར257དང་། ཞིང་སྡེའི་གཞུང་ལམ་རྣམ་གྲངས་ཐད་སྒོར་དུང་ཕྱུར127། མཐའ་མཚམས་ཀྱི་གཞུང་ལམ་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར47། རྣམ་གྲངས་གཞན་དག་ཐད་སྒོར་དུང་ཕྱུར27བཅས་བཏང་ཡོད།
རྒྱུས་ལོན་པ་ལྟར་ན། 2019ལོར། བོད་ལྗོངས་ས་གནས་ནོར་སྲིད་ཀྱིས་བསྡོམས་པས་ཁ་གསབ་གྲོན་དངུལ་སྒོར་དུང་ཕྱུར2.21བཀོད་སྒྲིག་བྱས་ཏེ་ཞིང་སྡེའི་གཞུང་ལམ་བདག་སྐྱོང་ཐད་བཀོལ་སྤྱོད་བྱས་པར་ཞིང་སྡེ་གཞུང་ལམ་གྱི་བདེ་འཇགས་ཤར་གཏོང་ནུས་ཤུགས་མཐོར་འདེགས་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཕྱིར་བསྐྱོད་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་།
2019ལོར། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་། རྫོང་། ཆུས་བཅས་ཀྱིས་མ་དངུལ་སྒོར་ཁྲི300ནས་སྒོར་ཁྲི500བར་གྱི་ཆེད་སྤྱོད་མ་དངུལ་བཏང་སྟེ་ཞིང་སྡེའི་འགྲུལ་སྐྱེལ་འཁོར་སྐྱོད་བྱ་བར་རོགས་སྐྱོར་བྱས། མིག་སྔར་ཞིང་སྡེའི་འགྲུལ་སྐྱེལ་རླངས་འཁོར་གྱི་ལམ་ཐིག203ཡོད་པ་དང་། འཁོར་སྐྱོད་རླངས་འཁོར203ལ་སླེབས་ཡོད། ཚད་རིམ་ཅན་གྱི་འགྲུལ་སྐྱེལ་ས་ཚིགས89ཡོད་པ་དང་། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་སྡེ་བར་རླངས་འཁོར་ཤར་གཏོང་བྱེད་ཚད70%དང47%ལ་སླེབས་པ་དང་། རོང་འབྲོག་མང་ཚོགས་ཕྱིར་བསྐྱོད་དཀའ་བའི་གནད་དོན་རིམ་གྱིས་ལེགས་བཅོས་བྱུང་ཡོད།
2020ལོར། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་དངུལ་གཏོང་སྒོར་དུང་ཕྱུར209དངོས་འབེབས་བྱ་རྒྱུར་བརྩོན་ལེན་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར420ལེགས་འགྲུབ་བྱ་རྒྱུ་ཡིན་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར2388ལེགས་འགྲུབ་འབྱུང་རྒྱུའི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་རྩིས་ཡོད།
དེ་མིན། རྒྱལ་ལམ་དང་ཞིང་ལམ་སྤྱི་ལེ1300དང་ཞིང་སྡེའི་གཞུང་ལམ2000གསར་དུ་བསྒྱུར་བཀོད་བྱས་ཏེ། བོད་ལྗོངས་ཀྱི་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱེད་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི10.4བརྩོན་ལེན་བྱས་ནས་ཤང་གྲོང697ཡོད་པ་ཡོངས་རྫོགས་ལ་གཞུང་ལམ་ཤར་གཏོང་བྱ་རྒྱུ་དང་། ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་གཏོང་ཚད་སོ་སོར95%དང75%ལ་བསླེབ་ཏེ། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཚད་སོ་སོར100%དང80%སླེབས་རྒྱུར་བརྩོན་ལེན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་གཏོང་ཚད་མཐོར་འདེགས་བྱུང་།