ཐོན་ལས་རིམ་སྤོར་གྱིས་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལོ་གཅིག་ལྷག་ཙམ་གོང་ཚེ་རྡོར་གྱིས་བཟའ་ཟླ་དང་བུ་ཁྲིད་དེ་བོད་ཀྱི་མངའ་རིས་དང་ནག་ཆུ་སོགས་སུ་ལས་ཀ་བྱེད་པར་བསྐྱོད་པས་ནང་མི་ཡོངས་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་བྱུང་ཡོད། འོན་ཀྱང2019ལོ་ནས་བཟུང་མི3ལ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་རག་པ་དང་ཕ་ཡུལ་ནས་ཁ་བྲལ་མི་དགོས་པ་བྱུང་ཞིང་། སྔོན་དཔག་བྱས་ན་ལོའི་ཡོང་འབབ་ལྡབ་གཅིག་འཕར་གྱི་ཡོད།

2019ལོའི་ཟླ4པར་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་ཕྲན་གྲོང་ཚོར་ས་ཁྱོན་མུའུ600ལྷག་ཙམ་ཟིན་ཞིང་གསོ་ཚགས་ཐོན་ལས་དང་ཉིན་གང་གཟན་ཆག་ཐོན་སྐྱེད། ཚགས་ཤ་དང་ལུག་ཤ་ལས་སྣོན་ཞིབ་ཚགས་དང་བྲིན་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་གྱི་འབྲོག་ལས་ཀུང་སི་ཆེ་གྲས་ཏེ་གཞིས་རྩེ་པེའེ་ཡཱ་ཁྲེང་ཞིང་ལས་ཚོང་དོན་ཚད་ཡོད་ཀུང་སི་ས་རྒོད་ཅིག་གི་ཐོག་འགྱིང་ངེར་གནས་ཡོད།

གླིང་ཁུལ་ནང་དེང་རབས་ཅན་གྱི་བ་ཚང་དང་ལྷས་ར་ཁྱོན18ཡོད་པ་དེ་དག་གཙང་ལ་དཀར་ཆ་དོད་པ་དང་། བཤས་གཏོང་བ་དང་ལས་སྣོན་ཞིབ་ཚགས་བྱེད་པའི་འཁོར་ཁང་གི་སྒྲིག་ཆས་སྤུས་ཚད་ལེགས་ཤིང་བཟོ་པས་གོ་རིམ་ལྡན་པའི་ངང་སྒྲིག་ཆས་བཀོལ་སྤྱོད་བྱེད། གཟན་ཆག་ལས་སྣོན་བཟོ་གྲྭའི་ནང་གི“འཕྲུལ་མིས”ཐོན་སྐྱེད་བྱས་ཟིན་པའི་གཟན་ཆག་དོ་པོ་རེ་རེ་བྱས་ཏེ་ཐུམ་སྒྲིལ་བརྒྱབ་ནས་གྲལ་འགྲིག་པོར་བཞག་ཡོད་ཅིང་ལས་ཕྱོད་ཆེ།

ས་སྐྱ་རྫོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེན་ཧུའེ་ཡིས“ས་སྐྱ་རྫོང་གི་འབྲོག་ལས་ནི་ཐོག་མཐའ་བར་གསུམ་དུ་ཁྱིམ་ཚང་ཐར་ཐོར་དུ་འཚོ་སྐྱོང་བྱེད་པ་གཙོ་བོར་བཟུང་བ་དང་། གཞི་ཁྱོན་ཆུང་ལ་ཐོན་ལས་ཅན་དུ་འགྱུར་ཚད་དམའ་བ། གསོ་ཚགས་འདུ་ཤེས་རྗེས་ལུས་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་རྣམས་འབྲོག་ལས་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་བས། མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཐོབ་ཁག་པོ་ཡོད”ཅེས་ངོ་སྤྲོད་བྱས།

2018ལོར་ས་སྐྱ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཞིས་རྩེ་ཇོ་རི་ཞིང་འབྲོག་ཐོན་ལས་མ་འཇོག་ཀུ་སི་དང་བོད་ལྗོངས་ཡུན་ཤིན་སྣོད་བཅུད་ཞིང་འབྲོག་ལས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ཏེ། དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་ཏེ་གཞིས་རྩེ་པེའེ་ཡཱ་ཁྲེང་ཞིང་ལས་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་ཡོད། དེ་ནས་བཟུང་དེང་རབས་ཅན་གྱི་འབྲོག་ལས་ཀུང་སི་ཞིག་ས་སྐྱང་རྫོང་དུ་ཐོན་ཡོད།

ཏུང་ཧྲི་ཀྲང་ལིའུ་ཝུའེ་ཡིས་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྟངས་ཐད་གསར་འགོད་པར། ཀུང་སི་ནི་རྫིང་བུ་ཆེན་པོ་ཞིག་ཡིན་པ་དང་གཞིས་རྩེའི་ཤང་གྲོང་ཁག་གི་མཉམ་ལས་ཁང་དང་ཞིང་དུད་ནི་ཆུ་སྒོ་རེ་རེ་ཡིན། ཀུང་སིའི་ནོར་ལུག་གསོ་ཚགས་རྟེན་གཞི་དང་བཤས་ར། ཕྱིར་ཚོང་ཐབས་ལམ་བཅས་ནི་སྟེམ་སྒོ་སྤྱིའི་གཅུས་ཕུར་ལྟ་བུ་ཞིག་རེད། ཆུ་སྒོ་ཁག་གིས་མཉམ་དུ་ཆུ་གསོག་པ་དང་སྤྱིའི་སྟེམ་སྒོ་ནས་ཆུ་གཏོང་བར་ཚོད་འཛིན་བྱེད་པས་ལེགས་བསྡུས་ཞིབ་གཉེར་དང་ལས་ཕྱོད་ཆེན་པོ་ཡོད། “དེ་ལྟར་བྱས་ན་ཐོན་ལས་ཧྲིལ་པོ་གཞི་ཁྱོན་ཅན་དང་ཚན་རིག་ཅན་གྱི་དོ་དམ་ཞིག་ཏུ་འགྱུར་ཐུབ”ཅེས་བཤད།

ཐོན་ལས་རྒྱ་ཆེ་སྟོབས་ཆེར་བཏང་བས་ཕན་འབྲས་ཆེ་ཤོས་ཐོབ་མཁན་ནི་ས་གནས་དེ་གའི་མང་ཚོགས་ཡིན། ཞིང་དུད་ཀྱིས་ཚན་རིག་ཅན་གྱི་གསོ་ཚགས་ལག་རྩལ་སློབ་སྦྱོང་བྱས་པ་བརྒྱུད་ཁྱིམ་དུ་ནོར་ལུག་རྒྱགས་གསོ་བྱས་རྗེས་ཀུང་སིར་བཙོངས་བས་ཁེ་ཕན་ཐོབ་པ་དང་། དུས་མཚུངས་ཁོང་ཚོ་ད་དུང་ཀུང་སིར་གླ་པར་ཡོང་ནས་ཡོང་འབབ་གསོག་ཐུབ་པས་ཐག་ཉེ་སར་ལས་ཀ་བྱེད་ཐུབ་ཡོད།

ཚེ་རྡོར་གྱི་ཁྱིམ་ཚང་ནི་དཔེ་མཚོན་གྱི་འཐུས་ཚབ་ཞིག་ཡིན། ད་ཆ་ནང་མི་ཚང་མ་བཟོ་གྲྭར་གླ་པ་བྱེད་པར་ཡོང་བ་དང་། གསོ་ཚགས་ལས་དོན་པར་གྱུར་བས་མི་རེར་ཟླ་རེར་གཏན་འཇགས་གླ་ཆ་སྒོར་4000ཡོད་ཅིང་། ཟས་སྡོད་འགན་ལེན་བྱེད་པ་དང་ལས་ཀ་ཡག་པོ་བྱས་ཚེ་ད་དུང་ལས་རྗེས་བྱ་དགའ་ལེན་རྒྱུ་ཡོད།

“ད་ཆ་ཟླ་རེ་བཞིན་ཁྱིམ་དུ་ལོག་ཐུབ་ཀྱི་འདུག རྗེས་སུ་རྙོག་དྲ་དེ་འདྲ་ཡོང་བ་མི་འདུག ང་ཚོ་གཞི་ནས་བློ་བདེ་པོ་བྱུང་སོང”ཞེས་ཚེ་རྡོར་གྱིས་གད་མོ་འཚེར་འཚེར་ངང་བརྗོད།

ཐོན་ལས་འཁོར་འབྲེལ་ཐོག་གི་ལྷུ་ཚིགས་ཚང་མའི་རིམ་སྤོར་གྱིས་བོད་རིགས་ས་ཁུལ་གྱི་འབྲོག་ལས་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་པ་མ་ཟད། གལ་ཆེ་ཤོས་ནི་ཞིང་འབྲོག་པར་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གསར་པ་བཏོད་པ་དེ་ཡིན།

ཨ་མ་ཡུན་རིང་ནད་ཁྲིའི་ཐོག་ལས་ཡོད་པ་དང་ཕྲུ་གུ་5ན་སོ་དར་ལ་སླེབས་མེད་པས་འཚོ་བ་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་བས་པ་སངས་དབང་ལགས་ལ་ཐེངས་མང་ཕྱིར་གླ་པར་བསྐྱོད་དེ་ཁྱིམ་སྤྱོད་ཁ་གསབ་གསོག་པའི་བསམ་བློ་འཁོར་ཡོད། འོན་ཀྱང་ཡ་ང་བའི་འཚོ་བས་ཁོང་ཉིད་བྲག་གཞུག་ཤང་བསམ་འཕེལ་གྲོང་ཚོར་བཏགས་ནས་འགུལ་ཙམ་ཡང་བྱེད་ལོང་མེད་པར་ལོ་དང་ཟླ་བ་བསྟུད་དེ་ཁོང་རང་གི་ས་ཞིང་མུའུ་30ལྷག་ཙམ་ལ་ལྟ་རྟོག་བྱ་རྒྱུ་ལས་མ་འདས།

ད་ཆ་བཟོ་གྲྭ་ཉེ་འགྲམ་གྱི་གྲོང་ཚོར་ཡོད་པས་གོམ་པ་གཉིས་གསུམ་སྤོས་ན་སླེབས་ཀྱི་ཡོད། པ་སངས་དབང་ལགས་བཟོ་གྲྭའི་ནང་དངོས་ཟོག་བླུགས་འབེབ་ཀྱི་ལས་ཀ་བྱེད་ཅིང་། ཧུར་བརྩོན་ཆེ་བས་ས་ཞིང་འདེབས་པ་ལས་ནན་ཏན་ཚ་བ་ཡོད། “ཟླ་གོང་མར་ཡོང་འབབ་སྒོར5000ལྷག་ཙམ་བྱུང་། དེ་ནི་ངས་དེ་སྔ་ལོ་གཅིག་ནང་བསགས་པའི་ཡོང་འབབ་ལས་མང་བ་འདུག དབུལ་སྒྲོལ་ཐུབ་པར་རེ་བ་ཆེན་པོ་བྱུང”ཞེས་པ་སངས་དབང་ལགས་ཀྱིས་བཤད།

མིག་སྔར། གཞིས་རྩེའི་པེའེ་ཡཱ་ཁྲེང་ཞིང་ལས་ཚོང་དོན་ཚད་ཡོད་ཀུང་སིས་གཅིག་གྱུར་ཐོག་ནོར་ལུག་ཉོ་སྒྲུབ་བྱས་པ་བརྒྱུད་ཁྱོན་གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་མཉམ་ལས་ཁང778ལ་སྐུལ་ཁྲིད་བྱས་པ་དང་ཕན་པ་ཐོབ་མཁན་ཁྲི11.18ཟིན་ཡོད། གཞན་ཡང་། ཀུང་སིས་དངོས་སུ་ལས་ཞུགས་ལས་གནས160མཁོ་འདོན་བྱས་པའི་ནང་མང་ཆེ་བ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དེ་བཞིན་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་ཁྱིམ་དུད་ཡིན་ཞིང་། མི་རེའི་ཆ་སྙོམས་ལོའི་གླ་ཕོགས་ཡོང་འབབ་སྒོར་ཁྲི6ལྷག་ཙམ་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།