ཞབས་ཞུའི་སྟེགས་བུ་བསྐྲུན། ལས་ཞུགས་ལ་སྐུལ་འདེད་བཏང་།

—— 2019ལོའི་ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྐོར་བཀོད་པ།

2019ལོ་ནི་མཐོ་སློབ་སློབ་ཐོན་སློབ་མ་གཞུང་གི་ལས་གནས་ནས་ཁྲོམ་རར་ལས་ཞུགས་བྱེད་པའི་ཕྱོགས་སྒྱུར་གྱི་འགག་རྩའི་ལོ་དང་ཚད་བརྒལ་ལོ་ཞིག་རེད། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གནོན་ཤུགས་སྒུལ་ཤུགས་སུ་བརྩིས་ཏེ། ལས་ཞུགས་ཀྱི་ལམ་བུ་རྒྱ་ཆེར་གཏོད་པ་དང་། ཕྱོགས་མང་དང“བུ་རྫི་རྣམ་པའི”ཁྲིད་སྟོན་དང་ཞབས་ཞུ་རོགས་རམ་གྱི་ལས་དོན་སྤེལ་བ་བརྒྱུད། མཐོ་སློབ་སློབ་མའི་ལས་ཞུགས་ལས་དོན་ལ་དགའ་བ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བར། ལོ་འདིར་ཐོན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་96.3%ཟིན་ནས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་ལ་འཁེལ་བའི་ལས་ཞུགས་ཐུབ་ཚད་90%ཟིན་རྒྱུའི་དམིགས་ཚད་ལས་སྔ་སྣུར་དུ་ཚད་བརྒལ་ལེགས་གྲུབ་བྱུང་བའི་ནང་། ཁྲོམ་རའི་ལས་ཞུགས་མི་གྲངས་ཀྱིས་ལས་ཞུགས་མི་གྲངས་ཀྱི་78%བཟུང་བ་དེ་2018ལོ་ལས་བརྒྱ་ཆའི་གྲངས་12འཕར་ཡོད་པ་རེད།

འགོ་ཁྲིད་ལ་ཤུགས་སྣོན་དང་སྡེ་ཚན་མཉམ་འགུལ་བྱས་ཏེ་སློབ་ཆེན་སློབ་མའི་ལས་ཞུགས་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་པ།

ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲོང་ཨུད་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བ་དང་ཧྲི་ཀྲང་གིས་རྒྱུན་ལས་ཙུའུ་ཀྲང་གཞོན་པའི་འགན་འཁུར་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་བཏང་བ་རེད། འགོ་ཁྲིད་ལས་བྱེད་པའི“གཅིག་ལ་གཅིག་བལྟོས”ཀྱི་ལས་ཞུགས་རོགས་སྐྱོར་ལམ་ལུགས་དང་ལས་ཞུགས་ཞུ་ལན་ལས་དོན་ལམ་སྲོལ་བཙུགས་པར་བརྟེན། གཞི་རིམ་གྱིས་མཐོང་ཆེན་དང་མི་ཚང་མས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཐུགས་ཁུར་བྱེད་པའི་ལས་ཀའི་རྣམ་པ་ཆགས་ཡོད།

《ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་རེ་ཞུའི་དོ་དམ་བྱེད་ཐབས》དང《ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ཁག་ཐེག་དངུལ་བུན་ཉེན་ཁའི་ཐེབས་རྩ་དོ་དམ་བྱེད་ཐབས(གནས་སྐབས་ལག་བསྟར)》བཟོས་ནས་བཏོན་ཏེ། བྱ་དགའ་དང་། རོཌ་སྐྱོར། ཁ་གསབ་བཅས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།

བྱེད་ཐབས་གསར་གཏོད་དང་འདུ་ཤེས་ཟབ་ཏུ་བཏང་སྟེ་སློབ་ཆེན་སློབ་མའི་ལས་ཞུགས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།

མིག་སྔར་རང་ལྗོངས་འདི་ཉིད་མཐོ་སློབ་སློབ་ཐོན་སློབ་མ་གཞུང་གི་ལས་གནས་ནས་ཁྲོམ་རར་ལས་ཞུགས་བྱེད་པའི་ཕྱོགས་སྒྱུར་དུས་སུ་སླེབས་ཡོད། ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ལྗོངས་ཡོངས་སུ་སྔོན་ལ“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མི་ཤུགས་ཐོན་ཁུངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྟེགས་བུ”བཙུགས་ནས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱིས་གྲངས་གཞིའི་མཛོད་གཅིག་དང་ལས་ཞུགས་ལས་གཏོད་ཞབས་ཞུའི“དྲ་བ་གཅིག”མཉམ་སྤྱོད་བྱས་ཡོད། ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་དང་མཐུན་ཚོགས་ཏང་ཀྲི་པུའུ་སྔོན་ལ་བཙུགས་ཏེ། “ཏང་འཛུགས་སྐྱོང་+མཐུན་ཚོགས”སྤྱད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་པ་དེ་བས་མང་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་བློ་དང་རིག་པ་འདོན་ཐུབ་པ་བྱས་ཡོད། མིག་སྔར་མཐུན་ཚོགས་ལ་ཁོངས་མིའི་ཚན་པ་146ཡོད་པར་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཟིན་པ་དང་། མི་900ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སྐྱོང་གསོའི་ལྟེ་གནས་ཏེ་སྣེ་གསུམ་པའི་ཀུན་གཏོད་བར་མཐོངས་སྔོན་ལ་བཙུགས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་སྤྱི་ཚོགས་ལས་གཏོད་ན་གཞོན་ལ“གཅིག་འཐུས་རྣམ་པའི”ལས་གཏོད་ཞབས་ཞུ་མཁོ་འདོན་བྱས་ཡོད།

མཛུབ་ཁྲིད་ཞབས་ཞུའི་མ་ལག་བསྐྲུན་ནས་སློབ་ཆེན་སློབ་མ་གནད་སྨིན་ལས་ཞུགས་ལ་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལྗོངས་ཕྱི་ནང་གི་མཐོ་སློབ་ཏུ་སྲིད་ཇུས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། མཐོ་སློབ་སློབ་མའི་ལས་ཞུགས་ལྟ་བ་འགྱུར་རྒྱུར་ཁྲིད་སྟོན་བྱས་པ་དང་སློབ་མ་5000དེའི་ནང་ཞུགས་ཡོད།

“གསོ་སྦྱོང+ལག་ལེན+བྱེད་སྒོ”བཅས་ལས་གཏོད་གསོ་སྦྱོང་ཁྱབ་གདལ་ཤུགས་ཆེན་བཏང་བ་དང“མཉམ་དུ་ལང་ཚོ་གླེང་བ་དང་ཐོན་ཁུངས་མཉམ་སྤྱོད”དང་། “ལས་གཏོད་སྦྱོང་བརྡར་སྒར་ས” “ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུད་སྦྲེལ་སྒར་ས” “ཁྲལ་བསྡུའི་སྲིད་ཇུས་གསལ་འགྲེལ”ལས་གཏོད་རྟོག་ཞིབ་སོགས་གསོ་སྦྱོང་སྤེལ་རེས་བྱེད་སྒོ་ཐེངས་16སྤེལ་བར་མི་1650ཞུགས་ཡོད། ལས་ཞུགས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱས་ནས། རྒྱུན་མཐུད་ཀྱི་ལས་ཞུགས་ལས་གཏོད་སྲིད་ཇུས་བཟོས་པ་དང་འབྲེལ། ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་ཁྲོམ་རའི་གཤོང་ནུས་ཆེ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།