ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་སྲིད་གཙང་དང་ཉེན་ཟོན་བརྡ་སྟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམིགས་ཏེ། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་དབང་མིན་པའི་ཁེ་ལས13གྱི་ཏང་ཀྲི་པུའི་ཁོངས་མི100ལྷག་ཙམ་སྒྲིག་འཛུགས་བྱས་ནས། ལྷ་ས་གྲོང་ཨུད་ཀྱི་ཏང་གི་སློབ་གྲྭའི་སྲིད་གཙང་དང་ཉེན་ཟོན་བརྡ་སྟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད།

བྱེད་སྒོ་དེས་སྒྲོག་འགྲེལ་པས་དཔེ་མཚོན་གྱོད་དཔེ་སྒྲོག་འགྲེལ་བྱས་པ་དང་། འགྲེམས་པང་ཡི་གེ་དང་བརྙན་པར་གྱི་དཔྱད་གཞིའི་ཡིག་རིགས་ལ་ལྟ་བ། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་བཅས་ཀྱི་བྱ་ཐབས་བརྒྱུད། དུས་བབ་གསར་པའི་འོག་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་གཏོང་གིས་རུལ་རྒོལ་འགྱུར་འགོག་བྱེད་དགོས་པའི་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་བསྟན་ཏེ། ཚང་མར་ཉེན་ཟོན་གྱི་ཅོང་བརྡ་བཏང་བ་དང་། བསམ་བློར་དག་སེལ་བྱས་པ། འགོག་སྲུང་གི་འཛིང་རགས་བརྟན་དུ་བཏང་ཡོད།

ཚང་མས་སླད་ཕྱིན་ལས་དོན་ཁྲོད་དུས་དང་རྣམ་པ་ཀུན་དུ་རིག་པ་དྭངས་གསལ་ཡོང་བ་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ། ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་པ། དྲང་པོ་དྲང་གཞག་གིས་ཚོང་གཉེར་བཅས་བྱས་ནས་སྤྱི་དབང་མིན་པའི་དཔལ་འབྱོར་གོ་རིམ་ལྡན་ལ་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།