ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གྲོས་ཆོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (2019ལོའི་ཟླ་12ཚེས་22ཉིན་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ)

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》བཅས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། 《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལ་མཐའ་གཅིག་ཏུ་མོས་མཐུན་བྱ་རྒྱུ་ཡིན། ཚོགས་འདུའི་ཐོག་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་ལས་ཀའི་མྱོང་ཚོར་སྤེལ་རེས་གཏིང་ཟབ་བྱས་ཏེ་འབད་འཐབ་ཀྱི་ཁ་ཕྱོགས་དང་ལས་ཀའི་གཙོ་གནད་ཁ་གསལ་བཟོས་པས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བསྟན་པ་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འཚོགས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཕུགས་ལ་དམིགས་པ་དང་། རང་རྒྱལ་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་འཕེལ་ཕྱོགས་དང་ཆོས་ཉིད་གནད་ལ་འཁེལ་པོས་སྟངས་འཛིན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གསལ་སྟོན་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་ཀྱི་ངོ་བོའི་ཁྱད་ཆོས་དང་ལེགས་ཆ་ཆེ་ཤོས་དེ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས་རང་རྒྱལ་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གིས་ངེས་པར་དུ“གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་ཏུ་གཏོང་དགོས་པ་དང་། གང་ཞིག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་དགོས་པའི”ཆབ་སྲིད་ཀྱི་གནད་དོན་གལ་ཆེན་དེར་ལན་བརྒྱབ་པ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལམ་ལུགས་འཛུགས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ཀྱི་འཕེལ་རྒྱས་ཤིག་ཡིན་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་མངོན་ཡོད་པས། ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་དང་དེ་བས་ངོ་བོ་གཏན་འཁེལ་ཡོང་བར་སྐུལ་འདེད་ཐུབ་ངེས་ཡིན་ལ། རང་རྒྱལ་ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་རྒྱུར་ཤུགས་རྐྱེན་དེ་བས་ཆེ་བ་དང་གཏིང་ཟབ་ཐེབས་རྒྱུ་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཏང་དང་མི་དམངས་ཀྱིས་ཡུན་རིང་གི་ལག་ལེན་འཚོལ་ཞིབ་ཁྲོད་གྲུབ་པའི་ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་གི་ལས་དོན་དང་བྱེད་སྒོ་ཚང་མ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཞིགས་ནས་སྤེལ་གྱི་ཡོད་པས་རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་དེའི་ལག་བསྟར་ནུས་པའི་གཅིག་སྡུད་མཚོན་ཚུལ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་དེ་བཞིན་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཡོད་དོ་ཅོག་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་དེང་རབས་ཀྱི་ཀྲུང་གོ་ཡར་རྒྱས་གོང་འཕེལ་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དང་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རྩ་བའང་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། རང་རྒྱལ་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་ལ་ཕྱོགས་མང་པོའི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དེ་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བའི་གཞི་རྩའི་གཞི་འཛིན་ས་ཞིག་ཡིན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་གི་ནང་དོན་དང་། ངོ་བོའི་ཁྱད་ཆོས། ལེགས་ཆ་མངོན་གསལ་དོད་པ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། སྤྱིའི་བླང་བྱ། སྤྱིའི་དམིགས་ཚད། ལས་འགན་གཙོ་བོ། རྩ་བའི་འགན་ལེན་བཅས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཏང་གི་འགོ་ཁྲིད་ལམ་ལུགས་ནི་སྤྱི་འདོམས་ཀྱི་གནས་བབ་ལྡན་པའི་ལམ་ལུགས་ཡིན་པ་ཁོང་དུ་ཆུད་པ་བཅས་བྱས་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་འདེགས་སྐྱོར་གྱི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་བོད་སྐྱོང་མཛད་ཇུས་དང་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། སྒྱུར་བཅོས་གསར་གཏོད་བཅས་མཐའ་འཁྱོངས། རྩ་བའི་རྨང་གཞི་བརྟན་གཏོང་དང་། ལེགས་ཆ་དར་སྤེལ། ཞན་ཆ་གསབ་པ། ཉམས་ཞན་ཤུགས་སྣོན་བཅས་ཤུགས་ཆེན་བྱེད་པ། མ་ལག་འཐུས་ཚང་དང་། ཚན་རིག་དང་མཐུན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་པ། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ནང་གནས་འབྲེལ་བ་ཁོང་དུ་གང་ལེགས་ཆུད་པར་བྱས་ནས་མི་དམངས་སྲིད་གྲོས་ལམ་ལུགས་དེ་མཐའ་འཁྱོངས་ཁྲོད་འཕེལ་རྒྱས་དང་སྲ་བརྟན་ཁྲོད་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གིས་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་དུས་རབས་གསར་པར་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་རྒྱུར་རེ་སྒུག་ཆེན་པོ་བྱེད་པ་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མི་དམངས་སྲིད་གྲོས་ཀྱི་ལོ་ངོ་70རིང་གི་ལོ་རྒྱུས་ཀྱི་བྱས་རྗེས་ལ་ཚད་མཐོའི་གདེང་འཇོག་དང་། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ། འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ།

དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་ཕྱོགས་ཡོངས་ནས་བཀོད་སྒྲིག་བཅས་གནང་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་སྟོབས་ཆེན་བསྣན་པ་མཚོན་ཡོད་པ་རེད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུ་འཚོགས་ཏེ་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་ཚགས་ཚུད་བྱས་པ་དེས་དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཐད་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཁྱབ་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུའུ་ཞི་དབང་དབྱང་གིས་བོད་ལྗོངས་སྲིད་གྲོས་ལས་དོན་ཐད་བཏོན་གནང་བའི་མཛུབ་སྟོན་བླང་བྱར་ཁྱབ་པ་བཅས་ལས་དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ལས་དོན་ཁག་བཀོད་སྒྲིག་བྱས་པས་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་ལེགས་ཆ་སྔར་བས་འདོན་སྤེལ་ཡག་པོ་ཐུབ་རྒྱུའི་ཐད་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྙིང་སྟོབས་ཆེར་སྐྱེད་དང་ལྕག་སྐུལ་ཆེན་པོ་ཐེབས་པའི་ངང་འགན་འཁྲི་དང་ལས་འགན་ལ་གཞིགས་ནས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འགན་འཁྲི་ནན་ཏན་སྒྲུབ་པ་མ་ཟད། སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་གྱུར་ངང་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བའི་ཐད་མི་སེམས་གཅིག་ཏུ་འགྲིལ་བ་དང་། རམ་འདེགས་བྱེད་པ། མཉམ་ཤུགས་ཆགས་པ་བཅས་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་། བསམ་བློ་གཏིང་ཟབ་བཏང་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་། སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་། བློ་རྩེ་གཅིག་ཏུ་བསྒྲིམ་ནས་སློབ་སྦྱོང་། ཁ་ཞེ་གཉིས་མེད་ངང་ཤོད་པ། ནུས་ཤུགས་ཡོད་རྒུས་སྒྲུབ་པ་བཅས་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། མི་དམངས་སྲིད་གྲོས་ལས་ཀའི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པ་སྟངས་འཛིན་ནན་པོ་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་བོད་ཀྱི་གནས་བབ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། བོད་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་དམིགས་བསལ་རང་བཞིན་ལ་ངོས་འཛིན་གཏིང་ཟབ། ང་ཚོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། རྣོ་ངར། རྙོག་འཛིང་བཅས་ལྡན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་མི་དམངས་སྲིད་གྲོས་འདི་ཉིད་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མི་དམངས་སྲིད་གྲོས་འདི་ཉིད་ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་ཕན་ནུས་སྔར་བས་འདོན་སྤེལ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་འདི་ཉིད་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་གནད་དུ་བརྩི་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་བའི་ལས་ཀའི་གཙོ་རྐང་དུ་བརྩི་བ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་ལ་བརྩི་བ། དམངས་གཙོ་དར་སྤེལ་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཕན་ཚུན་འབྲེལ་མཐུད་དང་། ཇུས་འདོན་དང་སྲིད་དོན་སྐྱོང་རོགས། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཕྱོགས་གཉིས་ཤུགས་འདོན་གྱི་གོ་རིམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་པའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། ལས་དོན་ནུས་ལྡན་སྤེལ་ནས་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་སློབ་གསོ་གཏོང་བའི་ལས་སྟེགས་གལ་ཆེན། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐབས་ལམ་གལ་ཆེན་བཅས་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་མངོན་པར་བྱེད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས“དོན་ཆེན་གསུམ”ལ་དམིགས་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་གསུམ་པོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ལམ་ལུགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་སྣེ་འཁྲིད་དེ་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་། འབྲེལ་གཏུག་བྱ་ཡུལ་རིགས་ཁོངས་ཀྱི་མང་ཚོགས་ཀྱིས་རང་རྟོགས་ངང་ལམ་ལུགས་ལ་གོང་བཀུར་བྱེད་པར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་སྣེ་ཁྲིད་བྱེད་པ་བཅས་བྱས་ནས་ལམ་ལུགས་ཀྱི་གདེང་ཚོད་དེ་མི་རིགས་ཁག་དང་ལས་རིགས་ཁག་གི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བ་དང་། ལམ་ལུགས་ཀྱི་འདུ་ཤེས་དེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པར་འགྱུར་བ། ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་བ་བྱེད་དགོས།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་དགོས་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ནས། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།