ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་མི་དང་འགྲུལ་པས་སྤ་སེ་ཉོ་བདེ་པོ་ཡོང་ཆེད། ཉེ་དུས། ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་གྱི་རྣམ་པ་བཏོད་དེ་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་བར་འགྲུལ་པའི་བསྔགས་བརྗོད་ཐོབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་གྲོང་ཁུལ་གྱི་སྔར་ཡོད་མེ་འཁོར་སྤ་སེ་ཚབ་འཚོང་བྱེད་ས་5ཡོད་པའི་ཐོག་ཚབ་ཚོང་བྱེད་ས་2བསྣན་རྒྱུ་ཡིན་པ་དེ། ལྷ་ས་གྲོང་ཁྱེར་ཐའེ་ཧོ་རྒྱལ་སྤྱིའི་རིག་གནས་ཐང་ཆེན་དང་ཁྲེང་ཀོན་མེ་ཏོག་ལྡུམ་རའི་Aཁུལ་དུ་ཡིན་པས། སྐབས་དེ་དུས་ལྷ་སའི་གྲོང་ཁུལ་དུ་མེ་འཁོར་སྤ་སེ་ཚབ་འཚོང་བྱེད་ས་ཁྱོན་ཡོངས་ལ་ཁྱབ་རྒྱུ་རེད།
འགྲུལ་པས་སྤ་སེ་སྔར་བས་ལེན་བདེ་པོ་ཡོང་ཆེད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་སྤ་སེ་འཚོང་སར་དེ་སྔ་རང་འགུལ་གྱི་སྤ་སེ་ལེན་ས་10ཡོད་པའི་ཐོག་སྤ་སེ་ལེན་ས་2བསྣན་ནས་འགྲུལ་པས་རང་འགུལ་ངང་སྤ་སེ་ལེན་པའི་དུས་ཚོད་ཐུང་དུ་ནུས་ལྡན་འགྲོ་རྒྱུ་དང་ཆབས་ཅིག ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་ད་དུང་ཆེད་མངགས་ལས་དོན་པ་བཏང་ནས་རང་འགུལ་ངང་སྤ་སེ་ལེན་སའི་འཕྲུལ་འཁོར་གྱི་ཉེ་འགྲམ་དུ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
གཞན་ཡང་། ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་ད་དུང་དམིགས་བསལ་གྱི་འགྲུལ་པར་བབས་ཚུགས་ནང་འཛུལ་སའི་ཆེད་སྤྱོད་བགྲོད་ལམ་བཏོད་ཡོད། མེ་འཁོར་སྒུག་ཁང་ཚང་མར་ལྗང་མདོག་བགྲོད་ལམ་བཀོད་སྒྲིག་བྱས་པ་དང་། ལུགས་མཐུན་ངང་མི་སྣ་བཀོད་སྒྲིག་བྱས་ཏེ་དམག་མི་དང་དམིགས་བསལ་དགོས་མཁོ་ཡོད་མཁན་གྱི་འགྲུལ་པར་མགྱོགས་མྱུར་བབས་ཚུགས་ནང་འཛུལ་བ་དང་། མེ་འཁོར་སྒུག་པ། མེ་འཁོར་ནང་འཛུལ་བ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷ་སའི་མེ་འཁོར་བབས་ཚུགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་གྲ་སྒྲིག་བྱེད་བཞིན་པ།