ལྷ་སའི་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུ་མཐུན་ཚོགས་ཐོག་མ་དེ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུ་མཐུན་ཚོགས་ཐོག་མ་སྟེ། ཁྲེང་ཀོན་ཆུས་ཧྥན་དབྱང་སྤྱི་ཚོགས་ལས་དོན་པ་དང་དང་བླངས་པའི་ཞབས་ཞུ་མཐུན་ཚོགས་བཙུགས་པ་དང་། དེ་ལས་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གསར་པ་བྱུང་བ་མཚོན་གྱི་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། མཐུན་ཚོགས་དེས་གྲོང་ཁྱེར་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་འདེགས་ཞུ་རྒྱུ་གཙོ་བོར་བྱས་ཤིང་། ད་དུང་དེའི་ནང་ཤེས་གྲིབ་མི་སྣའི་ཁེ་དབང་འགན་ལེན་བྱེད་པའི་བྱེད་སྒོ་དང་གཞིས་ལུས་བྱིས་པ་དང་དེ་བཞིན་དྭ་ཕྲུག་ལ་སློབ་གསོ་རྒྱག་པའི་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་སོགས་ཚུད་ཡོད། གསར་དུ་བདམས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་ལྷ་རྒྱལ་གྱིས་ད་དུང་མཐུན་ཚོགས་ཀྱིས་ལུས་གསོའི་བདག་སྐྱོང་ཞབས་ཞུ་དང་། ལྟ་སྐྱོང་ཞབས་ཞུ། ནང་ལས་ཞབས་ཞུ། ཉིན་རེའི་ལྟ་རྟོག་ཞབས་ཞུ་དང་དེ་བཞིན་གཙང་སྦྲའི་ལས་ཀ་སྣ་ཚོགས་དང་། མི་ཤུགས་ཐོན་ཁུངས་དོ་དམ། བཟའ་བཏུང་ཞབས་ཞུ་སོགས་ཀྱི་རྣམ་གྲངས་མཁོ་འདོན་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་མཐུན་ཚོགས་ཀྱིས་རྣམ་གྲངས་ཀྱི་དགོས་མཁོ་གཞིར་བཟུང་གསོ་སྦྱོང་སྣ་ཚོགས་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་མ་བཙུགས་གོང་། ལས་དོན་མི་སྣས་བརྟག་དཔྱད་འདྲི་ཤོག་སྤྲད་དེ་རྒན་རྒོན་གྱི་ཞབས་ཞུའི་དགོས་མཁོ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྒན་གསོའི་ཞབས་འདེགས་ཞུས་ཡོད། བཀྲ་ཤིས་ལྷ་རྒྱལ་གྱིས“ང་ཚོས་རྒན་རྒོན་ལ་དགོས་མཁོ་གང་ཡོད་མེད་ཤེས་རྟོགས་བྱེད་པ་མ་ཟད། ད་དུང་ཉིན་ལྟར་སྒོ་རྩར་བསྐྱོད་ནས་རང་འགུལ་ངང་རྒན་རྒོན་ལ་ནང་ལས་ཞབས་ཞུ་དང་སེམས་ཁམས་སློབ་གསོ་བཏང་ནས་སྐར་མ་15ཡི་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་ཚོགས་པ་ཧུར་ཐག་གཏོད་བཞིན་ཡོད”ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།