“སྐྱོར་མོ་ལུང་ལུགས”ཀྱི་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་མཇུག་སྒྲིལ།

W020191219513356531755.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། དུས་ཡུན་ཉིན5རིང་གི2019ལོའི་སྟོད་ལུང་བདེ་ཆེན་ཁུལ་གྱི་“སྐྱོར་མོ་ལུང་ལུགས”ཀྱི་ལྷ་མོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་བ་དེ་མགོ་བཀྲ་ཤིས་ཤིང་མཇུག་དོན་འགྲུབ་པའི་ངང་ནས་མཇུག་སྒྲིལ་བྱུང་། 

སྟོད་ལུང་བདེ་ཆེན་ཁུལ་གྱི་དུང་དཀར་ཁྲོམ་གཞུང་དུ། གདོང་དཀར་ལྷ་མོའི་རུ་ཁག་དང་། གནས་ཆུང་གྲོང་རྡལ་སྐྱོར་མོ་ལུང་པའི་ལྷ་མོའི་རུ་ཁག  མ་ཏྲི་གླང་པ་གྲོང་ཚོའི་ལྷ་མོའི་རུ་ཁག རྒུ་རུམ་གྲོང་རྡལ་སྣ་དཀར་གྲོང་ཚོའི་ལྷ་མོའི་རུ་ཁག་བཅས་ལྷ་མོའི་འཁྲབ་སྟོན་རུ་ཁག10ཡིས་ཡུལ་དེར་གཞིས་ཆགས་པའི་གྲོང་མི་དང་ཡུལ་གཞན་ནས་འདིར་ཡུལ་སྐོར་ལ་ཡོང་བའི་ལྟད་མོ་བ་རྣམ་ལ《པད་མ་འོད་འབར》དང་《གཟུགས་ཀྱི་ཉི་མ།》《འགྲོ་བ་བཟང་མོ།》《དྲི་མེད་ཀུན་ལྡན》སོགས་བོད་རང་གི་མར་དྲི་དང་རྩམ་དྲི་མ་ཡལ་བའི་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་ལྟད་མོ་བཤམས་པས། ཚང་མས་དགའ་བསུ་དང་བསྟོད་བསྔགས་མེ་ཏོག་གི་ཕྲེང་བ་གཏོར་བྱུང་། 

W020191219513356538110.jpg

ལྷ་མོའི་ཟློས་གར་གྱི་རིག་གནས་ནི་སྤྱི་ལོའི་དུས་རབས8པའི་སྐབས་སུ་བྱུང་བའི་བོད་ཀྱི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པ་དང་། ཀུན་གྱིས་འདིར་བོད་ཀྱི་ཤེས་རིག་གི“འགྱུར་རྡོ་གསོན་པོ”ཞེས་བསྔགས་བརྗོད་བྱེད་ཀྱིན་ཡོད། 2006ལོར་སྐྱོར་མོ་ལུང་པའི་ལྷ་མོ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་ནང་དུ་བཞག་ནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱས་འདུག

གསར་འགོད་པ་ཡུལ་དངོས་སུ་ཐོན་དུས། ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞིག་འཁྲབ་སྟོན་ལ་ལྟ་རུ་འགྲོ་བཞིན་པ་མཐོང་ཞིང་། འཁྲབ་སྟོན་བྱེད་ས་རུ་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་བཞིན་འདུག་པས། རྐང་བ་ས་ལའང་སྤོ་སའང་མི་རྙེད་པའི་ཚད་ལ་སླེབས་འདུག དེ་ཡང་གར་སྟེགས་ཐོག་གི་ཟློས་གར་གྱི་བྱུང་རིམ་དང་བསྟུན་ནས། གཤམ་དུ་བཞུགས་པའི་ལྟད་མོ་བ་རྣམས་ལའང་དགའ་སྤྲོའི་དགོད་སྒྲ་དང་ཚོར་སྣང་ཟབ་མོ་སྐྱེ་བཞིན་འདུག ཡུལ་སྐོར་བ་ཞའོ་ཝུའུ་ཡིས་གསར་འགོད་པར་“སྒྱུ་རྩལ་གྱི་ཉམས་འགྱུར་ཧ་ཅང་ཆེ་བས། མི་རྣམས་ཀྱིས་ཁོང་ཚོའི་འཁྲབ་སྟོན་ལ་བལྟས་ཚེ་ཧ་ལས་བཞིན་འདུགཟློས་གར་གྱི་བྱུང་རིམ་ཤིན་ཏུ་གསལ་བའི་སྟབས་ཀྱིས། ངའི་སེམས་ཁམས་ཀྱང་རབ་ཏུ་གཡོས་བྱུང་། དེ་བས་ངས་བརྙན་ཐུང་མར་པོ་ཞིག་བླངས་ནས་རང་གི་གྲོགས་པོ་དང་གཉེན་ཉེ་རྣམས་ལ་སྐུར་ཏེ། ཁོ་ཚོར་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བའི་སྐྱོར་མོ་ལུང་པའི་ལྷ་མོའི་ཟློས་གར་རིག་གནས་ལ་ལོངས་སྤྱོད་བྱེད་དུ་བཅུག་པ་ཡིན”ཞེས་སྤྲོ་སྣང་རབ་ཏུ་རྒྱས་བཞིན་བཤད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།