བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགན་ལེན་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས17ཉིན། གསར་འགོད་པས་རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཅུས་དང་ལྗོངས་ནོར་སྲིད་ཐིང་། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག《གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བཏོན་པའི“ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུའི་ཁྱབ་ཁོངས་སུ་འཇུག་རྒྱུ”དང་། དེ་བཞིན《རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་ནོར་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(སྨན་བཅོས་འགན་བཅོལ〔2019〕ཨང54པའི)དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འགན་བཅོལ་ནང་ཞུགས་མཁན་ལ་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད(གཤམ་དུ“ནད་གཉིས”ཅེས་བསྡུ་རྒྱུ)ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་སྔར་བས་ཇེ་ཡང་དུ་གཏོང་ཆེད་བཏོན་པའི་བྱེད་ཐབས་གལ་ཆེན་ཞིག་རེད། 

《བསམ་འཆར》ནང་འགན་ལེན་བྱ་ཡུལ་ནི་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲག་ཤེད་མཐོ་བའི་ནད་དམ་ཡང་ན་གཅིན་སྙི་ཟགས་ཁུའི་ནད་ལ་ངོས་འཛིན་བྱས་པའི་ནད་པ་སྟེ། ཡུན་རིང་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རྫས་སྤྱད་ནས་སྨན་བཅོས་བྱེད་དགོས་ཤིང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞི་ངོས་འཛིན་གྱི་ཚད་གཞིར་སླེབས་མེད་པའི“ནད་གཉིས”འགན་བཅོལ་ནང་ཞུགས་མཁན་ཡིན་དགོས་པ་གཏན་འཁེལ་གསལ་པོ་བྱས་ཡོད། 

《བསམ་འཆར》ནང་སྨན་སྤྱོད་པའི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་ཅིང་། དེ་ནི་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དཀར་ཆག་ནང་“དཀར་ཆག་ནང་གི་སྨན་རྫས་རིགས་ཀ་པ་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས། གཅིག་མཐུན་རང་བཞིན་གྱི་དཔྱད་འཇོག་ཐོབ་པའི་རིགས། རྒྱལ་ཁབ་ཀྱིས་སྨན་རྫས་སྒྲིག་འཛུགས་བྱས་ནས་འོས་སྐུལ་ཐོབ་པའི་གཅིག་སྡུད་ཉོ་སྒྲུབ་བྱས་པའི་སྨན་རྫས”བཅས་སྔོན་ལ་འདེམས་པའི་རྩ་དོན་དང་བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཀྱི་ཡོངས་བསྒྲགས་འོས་སྐུལ་འོས་དཔོད་ཀྱི་སྨན་རྫས་བླང་བྱ་གཞིར་བཟུང་། བོད་ལྗོངས་ཀྱིས་འགན་ལེན་ཁྱབ་ཁོངས་ནང་བཅུག་པའི“ནད་གཉིས”སྒོ་བསྟེན་སྨན་སྤྱོད་གཏན་འཁེལ་བྱས་ཡོད་པ་རེད། 

《བསམ་འཆར》ནང་འགན་ལེན་གྱི་ཚད་གཞི་གཏན་འཁེལ་བྱས་ཏེ། གཅིག་ནི་འགན་བཅོལ་ནང་ཞུགས་མཁན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྡེ་ཚན་ནས་ཐོན་པའི“ནད་གཉིས”ཀྱི་སྒོ་བསྟེན་སྨན་བཅོས་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་གྲོན་དངུལ(སྨན་རིགས་ཁ་པར་མི་སྒེར་གྱིས་སྔོན་ལ་10%སྤྲོད་རྒྱུ)དང་། གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་གཏོང་སྤྲོད་བསྡུར་ཚད་རིམ་པ་དང་པོ་དང་དེའི་མན་གྱི་སྨན་བཅོས་སྡེ་ཚན་ནི་70%ཡིན་དགོས་པ། རིམ་པ་གཉིས་པའི་སྨན་བཅོས་སྡེ་ཚན་ལ་65%དང་རིམ་པ་གསུམ་པའི་སྨན་བཅོས་སྡེ་ཚན་ལ་60%བཅས་ཡིན་དགོས། གཉིས་ནི“ནད་གཉིས”སྒོ་བསྟེན་སྨན་ཁང་གི་སྨན་སྤྱོད་འགྲོ་གྲོན་གཅིག་གྱུར་འཆར་འགོད་ཐེབས་རྩས་གཏོང་སྤྲོད་ལ་འགོ་ཚུགས་སའི་ཚད་གཞི་བཟོས་མེད་པ་དང་འགན་བཅོལ་ནང་ཞུགས་པའི་ལོ་འཁོར་ནང་ཁྲག་ཤེད་མཐོ་བའི་ནད་ཀྱི་གཏོང་སྤྲོད་བཅད་གྲངས་མི་རེར་ལོ་རེར་སྒོར་800དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་གཏོང་སྤྲོད་བཅད་གྲངས་མི་རེར་ལོ་རེར་སྒོར་1200ཡིན་ལ། དུས་མཚུངས་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟགས་ཁུའི་ནད་ཀྱི་གཅིག་སྒྲིལ་གཏོང་སྤྲོད་བཅད་གྲངས་མི་རེར་ལོ་རེར་སྒོར་2000ཡིན་པ་རེད། 

དེ་དང་ཆབས་ཅིག《བསམ་འཆར》ནང་སྒྲུབ་གཉེར་ཞབས་ཞུ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། “ནད་གཉིས”ཀྱི་སྒོ་བསྟེན་སྨན་བཅོས་འགན་ལེན་སྲིད་ཇུས་ཚད་ལྡན་དང་རིམ་དབྱེའི་དོ་དམ་ལ་སྐུལ་འདེད་བཏང་སྟེ། ད་ཡོད་ཀྱི“ནད་གཉིས”ཀྱི་སྒོ་བསྟེན་སྨན་བཅོས་འགན་ལེན་སྲིད་ཇུས་དང་འབྲེལ་མཐུད་ནུས་ལྡན་གཏོང་བར་ཁག་ཐེག་དང་མ་ལག་ཚང་བའི་བྱེད་ཐབས་འདོན་པ་སོགས་ཀྱི་ལས་དོན་ཐད་བླང་བྱ་བཏོན་ཡོད་པ་རེད། 

《བསམ་འཆར》ནང་“གཞི་རྩ་འགན་ལེན་དང་རྒྱུན་མཐུད་ཐུབ་པ། དམངས་འཚོར་ཕན་འདོགས། བཅོས་སྒྱུར་ལ་སྐུལ་འདེད”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ“ནད་གཉིས”འགན་བཅོལ་ནང་ཞུགས་མཁན་གྱི་སྒོ་བསྟེན་སྨན་བཅོས་ལ་འགན་ལེན་བྱ་རྒྱུ་དེ་གཞིར་བྱས་ཏེ“གང་ཐུབ་ཅི་ཐུབ་དང་ནུས་ཚད་ལས་སྒྲུབ”ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཐེག་ནུས་ལ་གཞིགས་ནས་འབྲེལ་ཡོད་སྲིད་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་བོད་ལྗོངས་ཀྱི“ནད་གཉིས”སྒོ་བསྟེན་སྨན་བཅོས་ཀྱི་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། 《བསམ་འཆར》པར་འགྲེམས་བྱས་པ་དེས་བོད་ལྗོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་མཁན་གྱི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཁུར་པོ་ཇེ་ཡང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།