​གཞིས་རྩེའི་གྲོང་ཚོ་དང་གྲོང་ལྷན95%ཙམ་ལ4Gདྲ་རྒྱ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞུང་ལམ་ཤར་བགྲོད་ཐུབ་པ་དང་དྲ་རྒྱ་ཤར་གཏོང་ཐུབ་ནས་ཚང་མས་ནམ་ཡིན་ཡང་བརྙན་ལམ་ནས་ཅི་འཕྲོས་མོལ་འཕྲོས་བྱེད་ཆོག་པ་མ་ཟད། དྲ་རྒྱ་ནས་ཅ་དངོས་ཉོ་བ་དང་ལག་ཐོགས་ཁ་པར་ནས་དངུལ་སྤྲོད་པ་སོགས་སྐྱེ་བོ་ཀུན་གྱི་འཚོ་བའི་ནང་གི་ཆ་ཤས་ཤིག་ཏུ་གྱུར་ཡོད། སྔོན་ཆད་ས་མ་འབྲོག་ཡིན་པའི་ས་སྐྱ་རྫོང་ཞལ་དཀར་ཤང་གསུམ་མདོ་གྲོང་ཚོར་དྲ་རྒྱའི་བརྡ་རྟགས་བརྟན་པོ་མེད་རྐྱེན། ཁ་པར་རྒྱག་སྐབས་བར་མཚམས་མི་ཆད་པའི་ཆེད་དུ་མཐོ་ས་ཞིག་ཏུ་འགྲོ་དགོས་ཀྱི་ཡོད།

“ཟླ་བ་ཁ་ཤས་གོང་། ང་ཚོའི་གྲོང་ཚོར་བརྡ་རྟགས་ཀྱི་མཐོ་ལྕོགས་ཤིག་བཙུགས་པས་4Gདྲ་རྒྱའི་བརྡ་རྟགས་བརྟན་པོ་བྱུང་ནས་ནང་སར་སློབ་གྲྭ་འགྲིམ་བཞིན་པའི་བུ་མོ་དང་བརྙན་ལམ་ནས་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་སྐད་གསལ་པོ་གོ་མི་ཐུབ་པའི་སེམས་ཁྲལ་མེད། མ་ཟད་ནམ་ཡིན་རུང་གླེང་མོལ་ཆོག་པས་སྔོན་ཆད་དང་བསྡུར་ན་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག”ཅེས་གསུམ་མདོ་གྲོང་ཚོའི་ཡུལ་མི་ཉི་མ་ཚེ་རིང་གིས་དགོད་འཚེར་འཚེར་ངང་བརྗོད།

གསུམ་མདོ་གྲོང་ཚོའི་མིག་དམར་གྱིས་གྲོང་ཚོའི་ནང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་ཡོད་པ་དང་། 4Gདྲ་རྒྱ་བརྟན་པོ་ཡོད་པ་ནས་བཟུང་། ཁོང་གིས་ཚོང་ཁང་ནང་གི་མངོན་ཆེ་ས་ཞིག་ཏུ་སྐད་འཕྲིན་གྱི་རིན་བསྡུའི་རྩ་གཉིས་ཨང་རྟགས་ཤིག་བཞག་ཡོད་པ་རེད། མིག་དམར་གྱིས“ད་ཆ་སྐད་འཕྲིན་ནས་དངུལ་གཏོང་ལེན་བྱས་ན་ཧ་ཅང་སྟབས་བདེ་པོ་འདུག ངས་ཀྱང་དྲ་རྒྱ་བརྒྱུད་ཚོང་ཟོག་འཐེན་གྱི་ཡོད། རང་གིས་ཚོང་པར་དུས་ཚོད་དང་ཚོང་ཟོག་གི་སྣ་ཁ་གང་དགོས་པ་རྣམས་གསལ་པོར་བཤད་རྗེས་དྲ་རྒྱ་ནས་རིན་པ་སྤྲད་ཚེ་འཕྲལ་མར་སྒོ་རྩར་ཚོང་ཟོག་སྐྱེལ་བར་ཡོང་གི་ཡོད། དུས་ཚོད་ཀྱང་གྲོན་ཆུང་ཐུབ་ཀྱི་འདུག”ཅེས་བརྗོད།

གྲོང་ཚོའི་ནང་གི་འཕོ་འགྱུར་དེ་དག་གློག་འཕྲིན་ཁྱབ་གདལ་ཞབས་ཞུའི་ལས་དོན་ཁག་བཞི་པ་སྤེལ་བ་ལས་བྱུང་བ་མ་ཟད། གྲོང་མི་ཚང་མར་ཡང་4Gདྲ་རྒྱ་བརྟན་པོ་ཞིག་སྤྱོད་རྒྱུ་བྱུང་ཡོད། “བརྡ་རྟགས་བརྟན་པོ་བྱུང་བ་དེས་དུས་ནམ་ཡིན་ཡང་ཕན་ཚུན་ཁ་པར་གཏོང་བ་དང་བརྙན་ལམ་ནས་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་སྟབས་བདེ་བྱུང་ནས་ཚང་མའི་འཚོ་བ་སྐྱེལ་སྟངས་དང་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་བྱུང་བ་དེ་ངོ་མ་དངོས་ཕན་མང་ཚོགས་ལ་སྤྲད་པ་ཞིག་རེད”ཅེས་གསུམ་མདོ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆོས་འཕེལ་གྱིས་གསར་འགོད་པར་བརྗོད།

“མ་གཞི་དུས་འགོར་རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་གིས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས། 4Gདྲ་རྒྱ་དེ་རང་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་ཆེ་ཁག་ཏུ་ཤར་གཏོང་ཐུབ་པ་བྱས་ཡོད། འོན་ཀྱང་སྲིད་འཛིན་གྲོང་ཚོ་ཁག་གཅིག་གི་གནས་ཡུལ་ཐག་རིང་ལུང་ཁུག་ཡིན་པ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། གློག་ཤུགས་འགན་ལེན་མེད་པ་སོགས་ཀྱི་རྐྱེན་པས་ད་དུང་4Gདྲ་རྒྱ་ཁྱབ་ཐུབ་མེད། གློག་འཕྲིན་ཁྱབ་གདལ་ཞབས་ཞུའི་ཚོད་ལྟའི་ལས་དོན་ཁག་བཞི་པ་དངོས་སུ་སྤེལ་འགོ་བཙུགས་ཚུན། ང་ཚོས་4Gདྲ་རྒྱ་ཁྱབ་མེད་པའི་སྲིད་འཛིན་གྲོང་ཚོ་དེ་དག་ཚོད་ལྟའི་རྒྱབ་སྐྱོར་གྱི་ཁྱབ་ཁོངས་སུ་བཅུག་ནས་4Gདྲ་རྒྱའི་སྦྲེལ་ཚུགས་བསྐྲུན་པ་བརྒྱུད། གྲོང་གསེབ་ཀྱི་དྲ་ཆེན་འཛུགས་སྐྲུན་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་བར་སྣེ་ཁྲིད་བཅས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་ལེགས་པར་བསྒྲུབས་ཡོད”ཅེས་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཟླ་སྒྲོན་གྱིས་གསར་འགོད་པར་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་གཤམ་འོག་ཏུ་རྫོང(ཆུས་18)དང་། ཤང་གྲོང204 སྲིད་འཛིན་གྲོང་ཚོ1673བཅས་ཡོད་པ་རེད། མིག་སྔའི་བར་གཞིས་རྩེའི་རྨང་གཞིའི་གློག་འཕྲིན་སྐོར་སྐྱོད་ཁེ་ལས་ཀྱིས་ཤང་གྲོང་ཡན་གྱི་ས་ཁོངས་ལ་འོད་འཁྲིད་དྲ་ཆེན་དང་4Gབརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད། གྲོང་ཚོ་དང་གྲོང་ལྷན་ཚང་མའི་སྲིད་འཛིན་གྲོང་ཚོར་འོད་འཁྲིད་ཚི་སྐུད་ཀྱི་དྲ་ཆེན་ཁྱབ་ནས་ཁྱབ་ཚད་100%ཟིན་ཡོད། གྲོང་ཚོ་དང་གྲོང་ལྷན་1630ལ་4Gདྲ་རྒྱ་ཁྱབ་ནས་ཁྱབ་ཚད་94.4%ཟིན་ཡོད།  གཞིས་རྩེ་གྲོང་ཁྱེར་གྱི་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་དུ་4Gདང་འོད་འཁྲིད་ཚི་སྐུད་ཁྱབ་ནས་ས་ཁོངས་ནང་གི་རྒྱལ་ལམ་གཙོ་བོ་དང་། རིམ་པ་མཐོ་བའི་གཞུང་ལམ། ལྕགས་ལམ་གྱི་ལམ་ཐག་བཅས་སུ་4Gབརྡ་རྟགས་ཁྱབ་ཚད་90%ཟིན་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།