ལྷ་སས་མཁོ་སྤྲོད་མང་དུ་གཏོང་བ་དང་དམངས་འཚོ་འགན་ལེན་བྱས་ཏེ་དམངས་ཕན་ཚགས་ཤ་རྒྱ་མ་ཁྲི35ཁྲོམ་རར་བཏོན་པ།

3912e680-a8e9-43a6-9db4-00737b74a166.jpg.1.jpg

འདི་ནི་ལྷ་ས་གྲོང་ཁྱེར་གྱིས་སྔར་བཞིན་སྲིད་གཞུང་གིས་ཁ་གསབ་སྤྲོད་པའི་ཐབས་ལ་བརྟེན་ནས་རྫོང་ཁག་གི་དམངས་ཕན་ཚགས་ཤ་རྒྱ་མ་ཁྲི35ཁྲོམ་རར་མཁོ་འདོན་བྱེད་བཞིན་པའི་གནས་ཚུལ་ཡིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “སྤུས་ཚད་འགན་ལེན་གྱི་དམངས་ཕན་ཚགས་ཤ་དེ་ཁྲོམ་རའི་རིན་གོང་ལས་སྒོར10ཙམ་ཁེ་བ་འདུག་པས་ངས་ཉིན་དགུང་ལས་ཐག་བཅད་མ་ཐག་ལམ་སེང་ཉོ་བར་ཡོང་བ་ཡིན”ཞེས་དཔྲལ་བའི་རྔུལ་ཆུའང་ཕྱིས་ལོང་མེད་པར་ཡོང་བའི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་མཚམས་གཅོད་དང་ཁོང་གི་གཅེན་མོས་ཚགས་ཤ་སྨད་ཁོག་ཅིག་བཏེགས་ནས་བསམ་གྲུབ་ཀྱི་ཤ་ལྕུག་གཏོང་སར་ཡོང་།  “ཤ་རྒྱ་མ66ལྕུག་བཏང་ན་སྒོར70རེད”ཅེས་བསམ་གྲུབ་ཀྱིས་ཤོད་ཀྱིན་དུ་དངུལ་བསླངས་ཏེ་བྱང་ཆུབ་པོས་ཤ་ལྕུག་གཏོང་འགོ་ཚུགས།

ཟླ12པར་བོད་དུ་གནམ་གཤིས་གྲང་ངར་ཆེ་བས་བོད་རིགས་མང་ཚོགས་ཚོས་ཤ་ལྕུག་གཏོང་བའི་དུས་ཚིགས་ཤིག་ཡིན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་སྔར་བཞིན་སྲིད་གཞུང་གིས་ཁ་གསབ་སྤྲོད་པའི་ཐབས་ལ་བརྟེན་ནས་རྫོང་ཁག་གི་ཚགས་ཤ་རྒྱ་མ་ཁྲི35ཁྲོམ་རར་མཁོ་འདོན་བྱས་པ་རེད། ཚགས་ཤ་རྒྱ་མ་ཁྲི35མཁོ་སྤྲོད་བྱས་པ་དེ2018ལོའི་ལྡབ་གཅིག་ལྷག་ཙམ་རེད།

དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད།  ཚེས12ཉིན་གྲོལ་བའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དམངས་འཚོ་འགན་ལེན་དང་མཁོ་སྤྲོད་འགན་ལེན་བྱས་ནས་ཟོག་གོང་བརྟན་པོ་ཡོང་བ་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་སླར་ཡང་ནན་བཤད་བྱས་པ་རེད།

ཚེས་16ཉིན་ལྷ་ས་གྲོང་ཁྱེར་ཚོགས་འགྲེམས་ལྟེ་གནས་ཀྱི་ཐང་ཆེན་དུ་སྟག་རྩེའི་ས་གཙང་ཐའེ་ཁྲེང་དཀར་ཆུའི་ཐོན་ལས་ཀྱི་ཚགས་ཤ་རྒྱ་མ་ཁྲི1.6ནས་མང་ཆེ་བ་སྔ་དྲོ་ཁོ་ནར་བཙོངས་ཟིན་པ་དང་། “འདི་ལོ་ང་ཚོས་ཚགས་ཤ་རྒྱ་མ་ཁྲི་8འཚོང་རྒྱུའི་འཆར་གཞི་ཡོད། ད་ལྟའི་བྲིན་འཚོང་གནས་ཚུལ་ལ་བལྟས་ཚེ་བྲིན་ཁ་རྒྱུག་པོ་ཡོང་ངེས་རེད། བོད་ཀྱི་མི་སེར་ཚོའི་འཚོ་བ་དངོས་གནས་ཕྱུག་པོ་ཆགས་འདུག”ཅེས་ས་གཙང་ཐའེ་ཁྲེང་དཀར་ཆུའི་ཐོན་ལས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་ཁང་ཞའོ་པིན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད།

ཚོགས་འདུའི་དགོངས་དོན་ནང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཕྲད་པའི་དཀའ་གནད་ཁག་གཅིག་ཐག་གཅོད་ཡག་པོ་བྱ་རྒྱུའི་བླང་བྱ་བཏོན་ཡོད། “དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་དམངས་ཕན་ཚགས་ཤ་ཉོ་ཐུབ་པ་བྱ་ཆེད། ང་ཚོས་དམངས་ཕན་རིན་གོང་གི་རྨང་གཞིའི་ཐོག་རྒྱ་མ་རེར་སྒོར2ཁ་གསབ་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བཀྲ་ཤིས་དཔལ་སྒྲོན་གྱིས་བཤད། ད་ཐེངས་ཀྱི་དམངས་ཕན་བྱེད་སྒོའི་ནང་མང་ཚོགས་དབུལ་པོའི་ལོ་གསར་གྱི་མཁོ་ཆས་ཀྱང་ཡོད་པ་རེད།

“བྱེད་སྒོའི་བླང་བྱ་གཞིར་བཟུང་། ངས་དམངས་ཕན་གྱི་རིན་གོང་དམའ་ཤོས་ཀྱི་ཐོག་ནས་ཚགས་ཤ་སྨད་ཁོག་གཉིས་ལས་ཉོ་ཐུབ་མ་བྱུང་བས་རྩ་བ་ནས་འདང་བ་མི་འདུག”ཅེས་ཁང་ཞའོ་པིན་གྱི་ཁྲོམ་བཀྱག་མདུན་དུ་དུད་ཚང་དབུལ་པོ་མཚོ་མོས་ཁོང་དང་གྲོས་བསྡུར་བྱེད་བཞིན་འདུག མཚོ་མོའི་ནང་མི་ཚང་མ་དེ་སྔོན་གྲོང་ཚོའི་ནང་གི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ཡིན་པ་དང་ནང་མི་དྲུག་ཁང་མིག་གཉིས་ལས་མེད་པའི་བོགས་གཏོང་སྡོད་ཁང་དུ་སྡོད་ཀྱི་ཡོད། འོན་ཀྱང་ད་ཆ་ཁྱིམ་གྱི་ངལ་ནུས་ལས་ཞུགས་ཐུབ་ནས་ཕྲུ་གུ་ཚོས“འགན་ལེན་གསུམ”སྲིད་ཇུས་ལོངས་སྤྱོད་ཐུབ་ནས་སློབ་གྲྭར་བསྐྱོད་པ་མ་ཟད། ནང་མི་ཚང་མ་སྨི་ངོས་གྲུ་150ཡོད་པའི་སྡོད་ཁང་གསར་པར་སྤོས་ཡོད།

མཚོ་མོས་ཁོག་རྩིས་གཅིག་བརྒྱབ་སྟེ་རྒྱ་མ་རེར་སྒོར29ཡི་དམངས་ཕན་རིན་གོང་ལ་བརྟེན་ནས་ཚགས་ཤ་སྨད་ཁོག་གསུམ་པ་དེ་ཉོས་པ་རེད། “ངའི་ནང་ལ་ལོའི་ཡོང་འབབ་སྒོར་ཁྲི10ཙམ་འདུག་པས་ལོ་གསར་སྐབས་སྤྱོད་པའི་ཚགས་ཤ་སྨད་ཁོག་གསུམ་པ་དེ་ཉོ་ཐུབ་ཀྱི་འདུག ཚགས་ཤ་རྒྱ་མ་རེར་སྒོར27བྱས་ནས་ཉོ་བའི་གོ་སྐབས་དེ་དུད་ཚང་དབུལ་པོ་གཞན་ལ་འཇོག་གི་ཡིན”ཞེས་བཤད།

མི་སེར་ཚོའི་དམངས་ཕན་སྲིད་ཇུས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད།  མིག་སྔར་བོད་དུ་ཀྲུང་དབྱང་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར(ས་ཁུལ)རིམ་པ་བཅས་རིམ་གསུམ་སྲིད་གཞུང་གི་གསོག་འཇོག་མ་ལག་བཙུགས་ཡོད་པ་དང་ཕག་ཤ་དང་ཚགས་ཤ་འདང་ངེས་ཡོད་པ་མ་ཟད། སྤུས་ཚད་ཀྱང་ཡག་པོ་ཡོད་པས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་མ་དཔེ་ལྟ་ཞིབ་ཚད་ལེན་ཁེ་ལས་ཀྱིས་ཕུལ་བའི་གྲངས་གཞི་ལས་མངོན་པར། ཟླ12ཚེས16ཉིན་བོད་ཀྱི་ཕག་ཤའི་ཁྲོམ་རའི་ཆ་སྙོམས་རིན་གོང་ཟླ11པའི་ཟླ་དཀྱིལ་ལས16.81%ཆག་སྟེ་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་གོང་དང་མཉམ་ཡོད་པ་རེད།

བོད་ཀྱིས་ད་དུང་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གོང་དུ་ཁག་གཉིས་ལ་དབྱེ་སྟེ་སྲིད་གཞུང་གིས་གསོག་འཇོག་བྱས་པའི་ཤ་དམངས་ཕན་ཁྲོམ་རར་འདོན་པའི་བྱེད་སྒོ་སྤེལ་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བ་དང་འཛད་སྤྱོད་པའི་དགོས་མཁོ་འགན་ལེན་བྱ་རྒྱུ་ཡིན་པ་རེད།

“ད་ཆ་ང་ཚོ་བོད་རིགས་མི་སེར་གྱི་འཚོ་བ་སྐྱིད་པོ་ཡོད། ཉིན་ཤས་སོང་རྗེས་ངས་ད་དུང་ཚགས་ཤ་སྨད་ཁོག་གཅིག་ཉོས་ཏེ་ནང་མི་མཉམ་དུ་ལོ་གསར་སྐྱིད་པོ་ཞིག་གཏོང་རྩིས་ཡོད”ཅེས་མཚམས་གཅོད་ཀྱིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།