ཇོ་རིའི་འདབས་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་གི་གཞི་ཁྱོན་རགས་ཙམ་གྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པར་ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། ཇོ་རིའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་གི་ལྟེ་བའི་ཁུལ་དུ་འགྲོ་ལམ18སྐྲུན་ཟིན་ནས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་གཞི་ཁྱོན་རགས་ཙམ་གྲུབ་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་རིའི་འདབས་སུ་རིག་གནས་འཁྲབ་རྩལ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། སྤྲོ་གསེང་ལུས་གསོ། རྩེར་སོན་ལུས་རྩལ། འགྲེམས་སྟོན་སོགས་ནུས་པ་སྣ་མང་གཞི་གཅིག་ཏུ་འདུས་པའི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རིག་གནས་བསམ་བཀོད་ཐོན་ལས་གླིང་ཞིག་གཏོད་རྒྱུར་གཞོལ་བཞིན་ཡོད།

ཇོ་རིའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེར་གནས་པ་དང་། རྒྱལ་ལམ318ཀྱི་ཉེ་འགྲམ་དུ་ཡོད་པ་མ་ཟད། བཀྲས་ལྷུན་དགོན་དབར་ལམ་ཐག་སྤྱི་ལེ3ལྷག་ཙམ་ཡོད། གླིང་ཁུལ་དུ“རིག་གནས་+”དང་། “བསམ་བཀོད་+”“ཡུལ་སྐོར་+”བཅས་རྣམ་པ་གསུམ་ཚུད་པ་དང་། རིག་གནས་འགྲེམས་སྟོན་ཁུལ་དང་། ལུས་རྩལ་སྤྲོ་གསེང་ཁུལ། ལུས་གསོ་སྤྲོ་གསེང་ཁུལ། ཞིང་ནང་ཉམས་ལེན་ཁུལ་བཅས་ནུས་པའི་ཁུལ་ཆེན་པོ་བཞིར་གཞིགས་ནས་དབྱེ་བ་ཕྱེ་ཡོད། སླད་ཕྱིན། ཇོ་རིའི་རིག་གནས་བསམ་བཀོད་གླིང་གིས་ཇོ་རིའི་མྱུལ་དཔྱད་དང་། དམངས་སྲོལ་ཉམས་ལེན། བོད་སྨན་ལུས་གསོ་སོགས་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི་རིག་གནས་གསར་གཏོད་ཀྱི་རྣམ་གྲངས་དེ་དག་བརྒྱུད། སྤུས་རྟགས་ཀྱི་རྣམ་གྲངས་སྐྱེད་སྲིང་དང་། ཐོན་ལས་ཁྱུ་ཚོགས་མཉམ་འདུས། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བཅས་རིམ་བཞིན་བྱས་ཏེ། “ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེ་མོ་དང་། ཇོ་རིའི་སྒར་ས་ཆེ་མོ། གྲོང་ཁྱེར་གྱི་ཚོགས་པ་གསར་པ”བཅས་འཛུགས་སྐྲུན་བྱ་རྒྱུ་རེད། འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་ཐོན་ལས་གླིང་དེར་ཁྱོན་དུས་བཀག་གསུམ་ལ་དབྱེ་ཡོད་པ་དང་། མིག་སྔར་གླིང་དེའི་འགྲོ་ལམ་གྱི་རྨང་གཞིའི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་དང་ཇོ་རིའི་འཁྲབ་རྩལ་ལྟེ་གནས་སོགས་ལས་གྲྭ་ཆེ་གྲས་ཀྱི་སྐྲུན་དངོས་གཙོ་བོ་འཛུགས་སྐྲུན་ཟིན་ཡོད། དུས་བཀག་དང་པོའི་ལྟེ་བའི་ཁུལ་གྱི་ལས་གྲྭ2020ལོར་འཛུགས་སྐྲུན་ཟིན་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།