བོད་ལྗོངས་ལྷ་ས་ཡིས་དམངས་ཕན་སྐམ་ཤ་འཚོང་འགོ་བརྩམས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས16ཉིན་གྱི་སྔ་དྲོར་དུས་ཡུན་ཉིན5རིང་སྤེལ་རྒྱུ་ཡིན་པའི2019ལོའི་ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་སྐམ་ཤ་ཁྲོམ་རར་འདོན་པའི་བྱ་འགུལ་ལྷ་ས་གྲོང་ཁྱེར་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཐེངས་འདིའི་དམངས་ཕན་བྱ་འགུལ་ཁྲོད་འདམ་གཞུང་རྫོང་དང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས་དང་སྙེ་མོ་རྫོང་བཅས་ཀྱི་ས་གནས་སུ་བསྡོམས་པས་སྤུས་ལེགས་སྐམ་ཤ་རྒྱ་མ་ཁྲི35དང་བོད་རྒྱུད་ལུག་ཤ་རྒྱ་མ་ཁྲི1.7འདྲེན་གཏོང་བྱས་ནས་དམངས་ཕན་རིན་གོང(སྐམ་གྱི་ལག་ངར་ཤ་རྒྱ་མ་རེར་སྒོར29དང་། སྐམ་གྱི་རྐང་བའི་ཤ་རྒྱ་མ་རེར་སྒོར34 ། ལུག་ཤ་རྒྱ་མ་རེར་སྒོར32བཅས)དང་སྲིད་གཞུང་གི་ཁ་གསབ་བྱེད་སྟངས་སྤྱད་ནས་འཚོང་བས་ལྷ་སའི་རྒྱ་ཆེའི་མང་ཚོགས་ལ་ཕན་པ་བསྐྲུན།

དུས་མཚུངས་སུ་ལྷ་ས་གྲོང་ཁྱེར་གྱིས་ད་དུང་འདམ་གཞུང་རྫོང་དང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས་སོགས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས(མཉམ་ལས་ཁང)རྩ་འཛུགས་བྱས་ནས་ཡུལ་དངོས་སུ་བོད་བྱའི་བྱ་སྒོང་དང་། རྩམ་པ། སྐམ་ཤའི་ཟས་ཀྲིན། ནས་ཀྱི་ལྦུ་ཆང་སོགས་ལྷ་སའི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ས་གནས་དེ་གའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དགོས་མཁོ་འགན་ལེན་བྱས་པ་དང་། ནུས་ལྡན་ངང་ལྷ་ས་གྲོང་ཁྱེར་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་རིན་གོང་དམའ་རུ་བཏང་བ་རེད།

 “ད་ལོ་ནི་ལྷ་ས་གྲོང་ཁྱེར་གྱིས་སྐམ་ཤ་དམངས་ཕན་ཁྲོམ་རར་འདོན་པའི་བྱ་འགུལ་སྤེལ་ཐེངས་གསུམ་པ་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དམངས་ལ་ཕན་པ་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཞིང་ཕྱུགས་མང་ཚོགས་ཀྱི་སྐམ་ཤ་འཚོང་དཀའ་བ་དང་གྲོང་མིས་ཤ་ཉོ་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད”ཞེས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བཀྲ་ཤིས་དཔལ་སྒྲོན་གྱིས་བཤད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།