དེ་གར་དགུང་ཨ་སྔོན་དང་། སྤྲིན་དཀར། གངས་རི་བཅས་ཡོད་མོད། འོན་ཀྱང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4800ཟིན་པ་དང་མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བས་དེ་ནི་བོད་ཀྱི་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་གྲས་ཤིག་རེད།
དེ་གར་ནི་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ཡིན་པ་དང་ཉ་ཁང་གྲོང་ཚོ་ནི་བར་ཡངས་གྲོང་རྡལ་སྲིད་གཞུང་གནས་ཡུལ་རེད།
2012ལོར་ཉ་ཁང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྲི་དབང་གིས“ངེད་ཚོར་ནོར་ལུག་ཡོད་ལ་མུ་མཐའ་མེད་པའི་རྩྭ་རའང་ཡོད་པ་མ་ཟད། ད་དུང་ཕ་མེས་ཡང་མེས་ནས་གསོག་འཇོག་བྱས་པའི་གསོ་སྤེལ་ཉམས་མྱོང་ཡང་ཡོད་པས་འབྲོག་ལས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་ཐོན་ངེས་རེད”ཅེས་བཤད་ཡོད།
ཉ་ཁང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་མཉམ་སྡེབ་གྲོས་བསྡུར་བྱས་པ་བརྒྱུད་གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་སྒོར་ཁྲི་11གཏོང་བ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་མ་རྐང་ནང་ཞུགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་སྲི་དབང་གིས་སྣེ་ཁྲིད་དེ་རང་ཁྱིམ་གྱི་ཕྱུགས་ཟོག་ཚང་མ་སྒོར་ཁྲི་70ལ་ཕབ་ནས་མ་རྐང་ནང་ཞུགས་པ་རེད།
སྐབས་དེ་དུས་ཉ་ཁང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་ཕྱོགས་གཅིག་ནས་དུད་ཚང་རེ་རེ་བཞིན་བསམ་བློའི་ལས་དོན་སྤེལ་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་སྔ་རྗེས་སུ་ཡུལ་མི་ཚོའི་གམ་ནས་བཞོན་མ་41དང་ལུག་356གཡར་ཐབས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲོམ་ར་གང་སར་ཕྱིན་ནས་ཚོང་ལམ་བཏོད་པ་རེད།
ཉ་ཁང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། 2016ལོར་ཉ་ཁང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གྱོང་གུན་ཁ་གསབ་ཐུབ་ནས་ཁེ་སྤོགས་ཡོང་འགོ་ཚུགས་ཏེ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་117བྱུང་ནས་ཁེ་སྤོགས་སྒོར་ཁྲི་22.79བགོས་པ་རེད།
2017ལོའི་ཟླ་3ཚེས་20ཉིན། ཉ་ཁང་གྲོང་ཚོའི་མང་ཚོགས་ཀྱི་འཐུས་མི་ཚོགས་ཆེན་འཚོགས་ཏེ་མཉམ་ལས་ཁང་འཛུགས་རྒྱུའི་ཐག་ཆོད་པ་རེད།
2017ལོའི་ཟླ་4པར། འབྲོང་པ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་མཛུབ་ཁྲིད་འོག“སྲིད་གཞུང་གིས་ཕྲན་བུ་འདོན་པ་དང་། དབུལ་སྐྱོར་ཐོན་ལས་ནས་ཕྲན་བུ་གཡར་བ། གྲོང་ཚོས་གཉེར་བའི་མཉམ་སྡེབ་དཔལ་འབྱོར་ནས་ཕྲན་བུ་འདོན་པ། འབྲོག་དུད་མི་སྒེར་གྱིས་ཕྲན་བུ་འདོན་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། མ་དངུལ་རྐང་ཞུགས་དང་ཕྱུགས་ཟོག་རྐང་ཞུགས་ཀྱི་དཔེ་དབྱིབས་ལ་བརྟེན་ནས་ཁྱོན་མ་དངུལ་ལ་ཕབ་ན་སྒོར་ཁྲི་815གྲབས་གསོག་བྱས་ནས་ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། དེའི་ནང་ནོར་ལུག་8000ཡོད་པ་དང་རྩྭ་ར་མུའུ་ཁྲི་16.3བོགས་མར་གཡར་བ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་དུད་ཚང་32མ་རྐང་ནང་ཞུགས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་11ཡོད་པ་བཅས་རེད།
2018ལོར། ནོར་ལུག་དང་དཀར་ཆུའི་ཐོན་རྫས་སོགས་ཕྱིར་ཚོང་བྱས་པ་བརྒྱུད་ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་ལ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་311བྱུང་བ་དང་ཁེ་སྤོགས་སྒོར་ཁྲི་189བགོས་པའི་ནང་རྐང་བདག་ལ་ཁེ་སྤོགས་བགོས་པ་ཕུད་ད་དུང་གྲོང་ཚོ་ཡོངས་ཀྱི་དུད་ཚང་169ཡི་མི་543ལ་ཁྱོན་ཁེ་སྤོགས་སྒོར་ཁྲི་55.9བགོས་པར་མི་རེར་ཆ་སྙོམས་སྒོར་1029.5བྱུང་བ་རེད།
ལོ་57ལ་སླེབས་པའི་གྲོང་མི་བཟང་པོས་2017ལོར་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་སྒོར་ཁྲི་5གཡར་ནས་མ་རྐང་ནང་ཞུགས་པར་ལོ་དང་པོ་ཁོ་ནར་ཁེ་སྤོགས་སྒོར་7500བྱུང་བ་དང་འབྲེལ་བདེ་བླག་ངང་དབུལ་སྒྲོལ་བྱུང་བ་རེད། བཟང་པོ་ལོ་ན་རྒས་སྟབས་རང་ཉིད་ཀྱིས་ནོར་ལུག་གསོ་སྤེལ་བྱས་ཚེ་ཡོང་འབབ་མཐོ་པོ་དེ་ལྟ་བུ་ཡོང་མི་སྲིད། ད་ཆ་དངུལ་དེ་དག་མཉམ་ལས་ཁང་ལ་མ་འཇོག་བྱས་པས་བློ་བདེ་པོ་འདུག་ལ་རྒན་གསོའི་ཐད་སེམས་ཁྲལ་མི་འདུག་ཅེས་སེམས་འགུལ་ཐེབས་བཞིན་བཤད།
དེ་དང་དུས་མཚུངས། ཉ་ཁང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ“འབྱོར་འབྲིང་ལམ་དུ་སྐྱོད་པར་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་མཉམ་ལས་ཁང་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་ཁྲོད་ནས་མ་དངུལ་བཏོན་སྟེ་དུད་ཚང་དབུལ་པོར་ཕྱུགས་ཟོག་ཉོས་པ་དང་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་མཐར་གྲོང་ཚོ་ཡོངས་དབུལ་སྒྲོལ་བྱུང་བ་རེད།
ད་ཆ་ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་དང་ལྗོངས་ནང་ཁུལ་གྱི་ཁེ་ལས་ཆེ་གྲས་གཅིག་དབར་ནོར་ལུག་5000ཕྱིར་ཚོང་བྱ་རྒྱུའི་མངགས་ཐོ་བཞག་པས་སྔོན་དཔག་བྱས་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་700ལྷག་ཙམ་ཟིན་རྒྱུ་དང་། མ་དངུལ་སྒོར་ཁྲི་240བཏང་བའི་གསོ་སྤེལ་ར་བ་བསྐྲུན་ནས་འཁོར་རྒྱུག་བྱེད་གྲབས་ཡོད་པ་རེད།
ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གི་མདུན་ལམ་བཟང་པོ་ཡོད་པ་མཐོང་སྐབས་གྲོང་མི་མང་པོའི་སེམས་ཁྲལ་རིམ་བཞིན་ཆུང་དུ་ཕྱིན་པ་དང་སྲི་དབང་གིས་གསར་འགོད་པར་2019ལོ་ཚུན་དུ་གྲོང་མི་88ཀྱིས་མཉམ་ལས་ཁང་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བས་ང་ཚོས་དོན་དངོས་ལ་གཞིགས་ནས་མཉམ་ལས་ཁང་གི་གཞི་ཁྱོན་རིམ་བཞིན་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
འབྱུང་འགྱུར་སྐོར་གླེང་སྐབས་སྲི་དབང་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་ཁོང་གིས་ང་ཚོས་ད་དུང་གཉེར་སྐྱོང་དོ་དམ་དཔེ་དབྱིབས་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་ཁེ་ལས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་ལས་ཁང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཐོག་དབུལ་སྒྲོལ་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
དབུལ་སྒྲོལ་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པ།