མངའ་རིས་ཀྱིས་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་དགུན་དུས་འགག་སྒྲོལ་བྱ་སྤྱོད་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་མཇུག་ལ་སླེབས་པ་དང་། ཞིང་པ་ལས་མིར་དུས་ཐོག་ཏུ་གླ་ཆ་གྲངས་ཚང་ལེན་རྒྱུ་ཡོང་བའི་འགན་ལེན་བྱ་ཆེད། མངའ་རིས་ས་ཁུལ་གྱིས་ས་ཁུལ་ཡོངས་སུ2019ལོ་འཁོར་གྱི་གླ་ཆ་འགྱངས་ཆད་རྩ་བཅོས་ཀྱི་དགུན་དུས་འགག་སྒྲོལ་བྱ་སྤྱོད་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱ་སྤྱོད་ལ་གཅིག་སྡུད་དྲིལ་བསྒྲགས་དང་། རང་བཤེར་དུས་མཚམས་དང་། ཁྲིམས་བསྟར་ཞིབ་བཤེར་དུས་མཚམས་གཉིས་སུ་དབྱེ་བ་དང་། དུས་ཚོད་ནི་ད་ལོའི་ཟླ11པ་ནས་དཔྱིད་གསར་དུས་ཆེན་གོང་བར་ཡིན་ཞིང་། ཞིང་པ་ལས་མི་བསྡུ་མང་བའི་ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་དང་། ངལ་རྩོལ་འདུས་ཚད་ཆེ་བའི་ཞབས་ཞུའི་ལས་རིགས་སོགས་གཙོ་གནད་དུ་འཛིན་པ་དང་། སྲིད་གཞུང་གི་མ་འཇོག་ལས་གཞིའི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་ཀྱི་རྣམ་གྲངས་ཁྱབ་ཁོངས་གཙོ་བོར་འཛིན་པ། ཞབས་ཞུའི་ལས་རིགས་དང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་མི་མངོན་པའི་རྐྱེན་ངན་གནས་པའི་ཁེ་ལས་གཞན་དག་ཞིབ་བཤེར་བྱ་ཡུལ་གཙོ་བོར་འཛིན་པ་བཅས་བྱས་ཏེ། མི་སྤྱོད་ཚན་པས་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་སྤྲོད་ཀྱི་ཡོད་མེད་དང་། སྲིད་གཞུང་གི་མ་འཇོག་ལས་གཞིའི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་རྣམ་གྲངས་ཀྱི་ཞིབ་མཆན་ལྟ་འདོམས་དང་། མ་དངུལ་དོན་འཁྱོལ། ལས་གཞིའི་མ་དངུལ་དུས་ཐོག་ཏུ་མཇུག་རྩིས་རྒྱག་པ་སོགས་བྱས་ཡོད་མེད། ལས་གཞི་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་དོ་དམ་དང་། ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ། དངུལ་ཁང་གི་ཚབ་སྤྲོད་གླ་ཆ། གླ་ཆའི་ཁག་ཐེག་དངུལ་སོགས་གླ་ཆ་སྤྲོད་རྒྱུར་འགན་སྲུང་གི་ལམ་ལུགས་དོན་འཁྱོལ་བྱས་ཡོད་མེད། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་བཞིན་ཐག་བཅད་ཡོད་མེད་དང་ངལ་རྩོལ་གྱི་ཐོབ་ཆ་མི་སྤྲོད་པའི་ནག་ཉེས་ལ་རྡུང་རྡེག་ནན་པོ་བཏང་ཡོད་མེད། གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཡིད་རྟོན་གྱི་ཆད་པ་བཅད་ཡོད་མེད་སོགས་ལ་གཅིག་སྡུད་ཐོག་ཞིབ་བཤེར་དང་དག་ཐེར་བྱས་ཏེ། ཞིབ་བཤེར་རྩད་ཆོད་ཐུབ་པའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐད་ཀྱི་གྱོད་གཞི་མཐའ་དག་གྱོད་ཐག་གཅོད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།