བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་ཁག་གིས་འགན་འཁྲི་དང་འགན་ནུས་དེ་བས་ལེགས་པ་སྒྲུབ་པ་དང་། ལས་དོན་དེ་བས་ཞིབ་ཚགས་པ། ཞབས་ཞུ་དེ་བས་ལེགས་པ་བཅས་ཀྱི་དོན་དངོས་ལ་གཞིགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མདོ་བརྗོད་ཤང་གིས་གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་ཆེ་རུ་ཧུར་ཐག་བཏང་བ་རེད། ཤང་དེས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་དག་ཐེར་བྱེད་པའི་ཐད་ནུས་པ་བཏོན་ནས། ལས་སྒོ་མི་འཕེར་བའི་གྲོང་ཚོའི་ལས་བྱེད་པ་5ལེགས་སྒྲིག་དང་བརྗེ་པོ་བརྒྱབ་པ་དང་། སྒྲིག་ཁྲིམས་དང་ཁྲིམས་ལས་འགལ་བའི་གྲོང་ཚོའི་ལས་བྱེད་པ་7ལ་ཐག་གཅོད་བྱས་པ། ཚད་གཞི་མ་ལོན་པའི་ཏང་ཡོན་ལྔ་ཏང་གི་སྐྱིད་སྡུག་ནས་ཕུད་པ་པ་དང་། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་3ལེགས་སྒྲིག་བྱས་ཡོད། བྱང་ཚད་དང་འཇོན་ཐང་ཆེ་རུ་གཏོང་བའི་ཐད་ཤུགས་བརྒྱབ་སྟེ། ཁྱབ་ཁོངས་དབྱེ་ནས་འཕྲོད་བསྟེན་ཁང་དང་། ཕྱུགས་རིགས་ནད་ཡམས་སྔོན་འགོག་ས་ཚིགས། དགོན་སྡེ་དོ་དམ་ཨུ་ལྷན་སོགས་ཀྱི་ལས་བྱེད་པ་མི་ཐེངས་87ལ་གསོ་སྦྱོང་བྱས་པ་དང་། རྐང་འཛིན་པ་མི་ཐེངས་11ནང་སར་མངགས་པ་རེད། ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་དང་ཁྲོམ་རའི་དགོས་མཁོ་གཞིར་བཟུང་། ཞིང་འབྲོག་མང་ཚོགས་སྐུལ་སློང་བྱས་ནས་མཉམ་ལས་ཁང་31བཙུགས་པས་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། ཡུལ་སྲོལ་གོམས་གཤིས་སྒྱུར་བའི་ཐད་ཤུགས་བརྒྱབ་ནས་གྲོང་ཚོ་ཁག་ལ་གྲོང་སྲོལ་དམངས་ཆིངས་37བསྣན་པ་དང་མང་ཚོགས་ཀྱི་གོམས་སྲོལ་ངན་པ་དོར་ནས་ཡ་རབས་སྲོལ་བཟང་གཏོད་རྒྱུར་ཁྲིད་སྟོན་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་ཡང་ཡང་བསྡུར་ནས་ལས་དོན་ཁྲོད་ཀྱི་ཞན་ཆ་བཙལ་ཏེ་གྲོང་རྡལ་ཡོངས་ནས་རིགས་6གི་གནད་དོན་61བཤེར་འདོན་བྱས་པ་དང་། དག་ཐེར་ཇུས་གཞི་15བཟོས་པ་རེད། མང་ཚོགས་ཀྱི་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་སྟོན་ཕྱོགས་སུ་བརྩིས་ནས་གྲོང་རྡལ་དེས་ཡུག་ཁུལ་འགན་གཙང་བླངས་ནས་བཅའ་སྡོད་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་པ། རེ་འགའ་དང་གླེང་མོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་172གསལ་རྟོགས་བྱས་ནས་གནད་དོན་82གྲོས་མོལ་བྱས་ཏེ་ཐག་གཅོད་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དམུ་ཐ་ཤང་གིས“འབྲོག་པའི་རྗེས་སུ་སྙེགས་ནས་ཞབས་འདེགས་ཞུ་བའི”ལས་ཀའི་བྱེད་ཐབས་གསར་གཏོད་བྱས་ནས་དམངས་ལ་ཞབས་འདེགས་ཞུས་ཏེ་དཀའ་གནད་ཧུར་ཐག་བསལ་བ་རེད། ལམ་ཐག་རིང་ཤོས་དང་ས་བབ་མཐོ་ཤོས་ཀྱི་གྲོང་ཚོའི(གྲོང་ལྷན)མང་ཚོགས་ཚོས་བསམ་འཆར་མང་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་དམངས་འཚོ་ལེགས་གཏོང་སོགས་ཀྱི་གནད་དོན་ལ་དམིགས་ནས་ཤང་དེས་འབྲོག་པའི་རྗེས་སུ་སྙེགས་པའི་ཏང་ཡོན་གདོང་ལེན་རུ་ཁག་དང་། འབྲོག་པའི་རྗེས་སུ་སྙེགས་པའི་ན་གཞོན་འཕྲལ་སྒྲུབ་རུ་ཁག འབྲོག་པའི་རྗེས་སུ་སྙེགས་པའི་བུད་མེད་སྒྲོག་འགྲེལ་རུ་ཁག འབྲོག་པའི་རྗེས་སུ་སྙེགས་པའི་ཚན་རྩལ་ཆེད་མངགས་པ་སོགས་དཔུང་ཁག་8བཙུགས་ནས་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཁྱིམ་ཚང་དབུལ་པོ་21ལ་བཅར་འདྲི་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་དང་འཕྲོད་བསྟེན་བདེ་སྲུང་ཤེས་བྱ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། ཤང་ཡོངས་ཀྱི་ལས་གྲྭའི་རྣམ་གྲངས་ཁུལ་17དུ་བསྐྱོད་ནས་བདེ་འཇགས་ཨར་སྐྲུན་གནས་ཚུལ་དང་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱས་པ་རེད།

མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བསྟི་ཡག་ཤང་གིས“གཅིག་གཏད་གཅིག་གི་ཆ་སྒྲིག་གཉེན་འཚོལ་དང་རྩལ་ནུས་དམར་ཁྲིད་བྱེད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་དུད་ཚང་དུ་འཚམས་འདྲི་བྱས་ཏེ་དམངས་ཀྱི་བསམ་འདུན་ཉན་པ་དང་དམངས་འཚོར་སྐུལ་འདེད་བཏང་བ་དང་། ཏང་གི་མཛད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཐེངས་32སྒྲོག་འགྲེལ་བྱས་པ། རོགས་སྐྱོར་མ་དངུལ་སྒོར་8280བཏང་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རམ་འདེགས་བྱས་པ་རེད། དེ་དང་དུས་མཚུངས། མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་དབུལ་སྐྱོར་ལས་དོན་གྱི“ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ལས་ཞུགས་འབབ་འཕར་ཡོང་བའི”གནད་དོན་ལ་དམིགས་ནས་གྲོང་རྡལ་དེས་ཐོན་ལས་ལ་དམ་འཛིན་དང་ལས་ཞུགས་བྱེད་ཚད་མཐོ་རུ་བཏང་བ་དང་། ནུས་ཤུགས་ཚད་མེད་བཏོན་ནས་མཁྲེགས་སར་གཏུགས་པ། ལྗོངས་ཕྱི་ནང་གི་འབྲས་ཤིང་རིགས་གཅིག་མཁས་ཅན་ཐེངས་གཉིས་གདན་དྲངས་ནས་འབྲས་ཤིང་ལ་ཡལ་གཅོད་རྒྱག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལུད་སྦྱོར་སོགས་བྱས་ནས་ཐོན་འཕར་ཡོང་བའི་ལག་རྩལ་ཐད་ས་ཆ་དངོས་སུ་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་མཛུབ་ཁྲིད་དང་གསོ་སྦྱོང་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་བྱེད་ཐབས་དངོས་སྤྱད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།