དམངས་འཚོའི་ཐབས་བཟང་ལེགས་པར་སྤྱད། དམངས་ཕྱུག་བོད་དར་ཡོང་བར་བྱས།

བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་ཙུང་ལི་ལི་ཁེ་ཆང་གིས“བོད་ལྗོངས་འཕེལ་རྒྱས་ཀྱི་ལག་རྩལ་པའི་སློབ་གསོར་རྒྱབ་སྐྱོར་བྱས་ཏེ་འཕྲལ་མཁོའི་རྩལ་ནུས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས”ཞེས་པའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱས་ཏེ་སློབ་ཡུན་སློབ་གསོ་གཙོ་བོར་བྱེད་པ་དང་དུས་ཐུང་གསོ་སྦྱོང་ཞོར་དུ་བྱས་ཏེ་སྤྱི་ཚོགས་ལ་གྲ་སྒྲིག་ལག་རྩལ་པ་དང་། མཐོ་རིམ་བཟོ་པ། འབྲིང་རིམ་བཟོ་པ་བཅས་གསོ་སྐྱོང་བྱས་ནས་སྤྱི་ཚོགས་ལ་ཕྱོགས་ཏེ་ལག་རྩལ་པའི་གསོ་སྦྱོང་དང་ཟབ་སྦྱོང་བྱེད་པ་དང་། ལས་རིགས་ཐོག་མ་སྐྱོད་གོང་གི་གསོ་སྦྱོང་དང་ལས་རིགས་ཁྲོད་ཀྱི་གསོ་སྦྱོང་སོགས་གསོ་སྦྱོང་སྣ་ཚོགས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་ལག་རྩལ་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྦྱོང་གི་མ་ལག་གསར་པ་བཏོད་ཡོད། སློབ་གླིང་བཙུགས་རྗེས་སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་5000ཡོད་པའི་ཁྲོད་སློབ་ཡུན་ལམ་ལུགས་ཀྱི་སློབ་མ་3000ཙམ་ཡོད་པ་དང་ལོ་ལྟར་མི་ཐེངས་10000ལ་དུས་འབྲིང་དང་དུས་ཐུང་གི་སྤྱི་ཚོགས་ཅན་གྱི་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

འཕྲལ་མཁོ་ཆེ་བའི་རྩལ་ནུས་མི་སྣ་དེ་བས་མང་བ་གསོ་སྦྱོང་བྱས་པ།

རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་ཐིང་ཀྲང་གཞོན་པ་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གྲབས་འཛུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲུའུ་རེན་ཟླ་བ་ཚེ་རིང་གིས་སློབ་གླིང་གིས་སློབ་གྲྭའི་ལམ་ལུགས་ཀྱི་སློབ་གསོ་དང་། དུས་ཐུང་ལས་རིགས་རྩལ་ནུས་གསོ་སྦྱོང་། ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ་སློབ་མ་བསྡུ་བ་དང་སློབ་གྲྭ་གཉེར་གྱི་ཡོད། བོད་ཀྱི་ཐོན་ལས་གཙོ་བོ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་རིག་ནུས་ལག་རྩལ་ཐོན་ལས་ཚན་ཁག་དང་། འགྲིམ་འགྲུལ་དང་རླངས་འཁོར་ཐོན་ལས་ཚན་ཁག མི་རིགས་རིག་གནས་ཐོན་ལས་ཚན་ཁག ཡུལ་སྐོར་དང་ཚོང་དོན་ཐོན་ལས་ཚན་ཁག་སོགས་ཚན་ཁག་6དང་ཆེད་ལས་37བཙུགས་པ་དང་། ཆེད་ལས་ནང་ཚ་ལ་རྒྱག་པ་དང་འཕྲུལ་ཆས་ཉམས་བཟོ་སོགས་རྨང་གཞིའི་རིག་ཚན་ཡོད་ལ། འཕྲུལ་གློག་གཞི་གཅིག་ཅན་དང་ནུས་རྒྱུ་གསར་པའི་རླངས་འཁོར་ལག་རྩལ་སོགས་རིམ་པ་མཐོ་བའི་རྩལ་ནུས་རིག་ཚན་ཡང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

སློབ་གླིང་གིས“ནང་དུ་གདན་དྲངས་པ་དང་ཕྱིར་སྐྱོད་པའི”སློབ་གཉེར་བསམ་ཕྱོགས་སྤྱད་དེ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་གི་ཡོད། འདི་ལོའི་ཟླ་11པར། ཞིང་འབྲོག་པའི་སློབ་མ་80ཧྲན་ཏུང་ལན་ཞང་ལག་རྩལ་པའི་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བཏང་ནས་དུས་ཡུན་ཉིན་60ཡི་འཕྲུལ་ཆས་བཀོལ་སྤྱོད“བརྐོ་འདྲུའི་འཕྲུལ་འཁོར”དང་གཡོས་སྦྱོར་གསོ་སྦྱོང་བྱས་པ་དང་སྦྲགས། སློབ་གླིང་གིས་ཆེད་མངགས་ཟུར་ཁྲིད་དགེ་རྒན་གཉིས་བཀོད་སྒྲིག་བྱས་ནས་རྗེས་སྙེག་དོ་དམ་དང་ཟུར་ཁྲིད་མཛུབ་སྟོན་བྱས་པ་དང་། འདི་ལོ་གཉེར་བའི་དུས་ཐུང་གི་གསོ་སྦྱོང་ཁག་གཅིག་ལ་ནང་ས་ནས་དགེ་རྒན་གདན་དྲངས་ཏེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་དང་གསོ་སྦྱོང་གི་ཕན་འབྲས་ལེགས་སུ་བཏང་ཡོད་པ་རེད།

མིག་སྔའི་བར། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་དུས་ཐུང་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་22གཉེར་ནས་སློབ་མ་1000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ཉེ་དུས་སློབ་མ་100ལྷག་ཙམ་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཉེར་ཡོད་པས་འདི་ལོ་སློབ་མ་1300གི་གསོ་སྦྱོང་དམིགས་ཚད་ལེགས་གྲུབ་ཡོང་རྒྱུ་དང་གསོ་སྦྱོང་ཚད་ལོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པ་བྱ་རྒྱུ་རེད།

སློབ་གྲྭ་དང་ཁེ་ལས་གཉིས་ཀྱི་ལམ་ལུགས་དང་ལས་སློབ་གཞི་གཅིག་ཅན་ཡོང་བར་བྱས་པ།

མི་སྤྱི་སྡེ་ཚན་གྱི་ལས་རིགས་རྩལ་ནུས་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་དོན་འཁྱོལ་བྱས་ནས་ཁེ་ལས་སུ་གསར་དུ་ཞུགས་པའི་ལས་མིའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གིས་ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པའི་ལས་རིགས་རྩལ་ནུས་མཐོར་གཏོང་འཛིན་གྲྭ་གཉེར་བ་རེད། ལྷ་སའི་ཁང་ཏ་རླངས་འཁོར་ཚོང་དོན(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིས་ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པའི་ལས་རིགས་རྩལ་ནུས་མཐོར་གཏོང་འཛིན་གྲྭ་གཉེར་ནས་སློབ་མ་14ལ་གསོ་སྦྱོང་བྱས་པ་དེ་དུས་ཡུན་ལོ་གཅིག་ཡིན་པ་དང་གསོ་སྦྱོང་གི་དམིགས་ཡུལ་ནི་རླངས་འཁོར་ཉམས་བཟོའི་འབྲིང་རིམ་བཟོ་པ་གསོ་སྦྱོང་བྱ་ཆེད་རེད། སློབ་གྲྭ་དང་ཁེ་ལས་གཉིས་ཀྱི་ལམ་ལུགས་དང་ལས་སློབ་གཞི་གཅིག་ཅན་གྱི་སློབ་ཁྲིད་རྣམ་པ་སྤྱད་དེ་ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་དང་ཁེ་ལས་ལ་རྩལ་ནུས་མི་སྣ་གསོ་སྐྱོང་བྱས་ནས་རང་ལྗོངས་ཀྱི་རྩལ་ནུས་མི་སྣའི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཡོད་པ་རེད།

མིག་སྔའི་བར། སློབ་གླིང་གིས་མན་པའོ་ཤིན་ཡུས་ཀུང་སི་དང་། ཁང་ཏ་རླངས་འཁོར་ཚོང་དོན། བོད་རང་སྐྱོང་ལྗོངས་ས་ཁང་བདག་ཁོངས་མཐུན་ཚོགས། ཁྲེང་ཞང་སྡེ་ལས། མཐོ་བརྩོན་ཀུང་སི་སོགས་ཁེ་ལས་བཅུ་ལྷག་ཙམ་དང་མཉམ་ལས་འབྲེལ་བ་བཙུགས་པ་རེད། རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་དང་མི་230ཡི་མངགས་ཐོ་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲོས་མཐུན་བཞག་པ་དང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མི་108ཀྱི་མངགས་ཐོ་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲོས་མཐུན་བཞག་པ། བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཀུང་སི་དང་མི་120ཡི་མངགས་ཐོ་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲོས་མཐུན་བཞག་པ་བཅས་རེད།

རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་རྣམ་གྲངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར(སྣེའུ་ཟམ་ཆེན་ཤར་མའི་བྱང་ངོས་དང་། ལྷ་གཞིས་ལྕགས་ལམ་གྱི་ནུབ་ངོས། སྐོར་ལམ་ལྷོ་མའི་མྱུར་བགྲོད་ལམ་གྱི་ཤར་ངོས)དུ་གནས་པ་དེའི་ས་བཟུང་རྒྱ་ཁྱོན་མུའུ་373.62ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་13.06ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་10བཏང་བ་དེ་2021ལོའི་ཟླ་6པའི་ཟླ་མཇུག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་འཛུགས་རྒྱུ་རེད།

ཟླ་11པའི་ཟླ་མཇུག་བར། རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཀྱིས་རྨང་རྡོ་ཚང་མ་བཏིང་ཟིན་པ་དང་སྦྲགས། རྣམ་གྲངས་ཀྱི་བདེ་འཇགས་ཨར་ལས་དང་གནས་སྐབས་འགྲོ་ལམ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད། དུས་སང་ཟླ་3པར། ལས་འགོ་དངོས་སུ་བཙུགས་ནས་ནུས་ཤུགས་ཡོད་རྒུས་ཨར་ལས་ཀྱི་ལྷུ་ཚིགས་གཙོ་བོར་དམ་འཛིན་བྱེད་པ་དང་འཛུགས་སྐྲུན་གྱི་འཕེལ་རིམ་ལ་དམ་འཛིན་བྱ་རྒྱུ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། རྣམ་གྲངས་པུས་5Gདྲ་བ་འཛུགས་པ་དང་། BIMལག་རྩལ། ངོ་རིས་ངོས་འཛིན། དྲ་བའི་ལྟ་སྐུལ་ཚོད་འཛིན། ཁོར་ཡུག་གཞི་གཅིག་ཅན། ཟོག་འདྲེན་དྲ་བ་སོགས་དེང་རབས་ཆ་འཕྲིན་ཅན་གྱི་ལག་རྩལ་གང་ལེགས་སྤྱད་དེ་རིག་ལྡན་ལས་ཡུལ་བཏོད་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།