ས་མཐོའི་གང་སར་རྣམ་པ་གསར་པ་མངོན།

—— བོད་ལྗོངས་དང་སི་ཁྲོན་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་བཅར་འདྲི་བྱས་པ།

ཁོར་ཡུག་གི་དཀའ་ངལ་ཁྱད་དུ་བསད་དེ་དབུལ་སྒྲོལ་ལམ་བུར་བསྐྱོད་པ།

བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་རང་བྱུང་ཁོར་ཡུག་ཅུང་ཞན་པ་དང་དེ་ནི་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་བཅུ་བཞི་ཡི་ཁྲོད་ཀྱི་དབུལ་པོ་ཡིན་ཚད་ཤུགས་ཆེ་བ་དང་། དབུལ་པོ་ཐོན་ཚད་མང་བ། དབུལ་སྒྲོལ་ལས་འགན་ལྕི་བ་བཅས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

ད་ཕན་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལྗོངས་དང་སི་ཁྲོན་བོད་རིགས་ས་ཁུལ་གྱིས་ཤིན་ཏུ་དབུལ་བར་དམིགས་ནས་ངོ་མཚར་རེ་རེ་བཞིན་བཏོད་དེ་ས་མཐོའི་གང་སར་རྣམ་པ་གསར་པ་མངོན་ཡོད།

ལོ་36ལ་སླེབས་པའི་བཟང་པོ་ནི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་ཉ་ཁང་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་ཉེ་བའི་ལོ་གསུམ་རིང་ཁོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

བཟང་པོས“དུད་ཚང་དབུལ་པོའི་ཐོབ་ཐང་ཐོག་ནས་ཀྲུང་གོ་ཞིང་ལས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་5གཡར་ཏེ་གྲོང་ཚོའི་མཉམ་ལས་ཁང་དུ་མ་འཇོག་བྱས་པ་དང་ངེད་ཁྱོ་ཤུག་གཉིས་ཀས་མཉམ་ལས་ཁང་དུ་ཕྱུགས་འཚོས་ནས་ཟླ་རེར་གླ་ཆ་ཁྱོན་སྒོར་2800ལེན་རྒྱུ་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་གི་ཡོད། ན་ནིང་ངེད་གཉིས་པོར་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང”ཞེས་བཤད་པ་དང་མཉམ་ལས་ཁང་གིས་ཁོང་ལ་དངུལ་སྨར་ཡོང་འབབ་གསོག་པའི་གོ་སྐབས་བསྐྲུན་པས་ཕྲུ་གུ་གསུམ་གྱི་འགྲོ་སོང་འདང་ངེས་ཡོད་པ་རེད།

ཉ་ཁང་གྲོང་ཚོར་ཁྱོན་དུད་ཚང་169དང་མི་556ཡོད་ཅིང་། 2018ལོའི་གོང་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་45དང་མི་101ཡོད་པར་དབུལ་པོ་ཐོན་ཚད་18.2%ཟིན་ཡོད། “སྔོན་ཆད་ཁྱིམ་དུ་ནོར་ལུག་10ཡང་མི་ཟིན་པ་དང་རང་ཉིད་ཀྱིས་ལག་རྩལ་གང་ཡང་མི་ཤེས་སྟབས་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་འགྲོ་ཐབས་བྲལ་བར་བརྟེན་དངུལ་སྨར་ཡོང་འབབ་གང་ཡང་མེད”ཅེས་བཟང་པོས་བཤད།

ཉ་ཁང་གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གིས་དངུལ་སྨར་དང་ཕྱུགས་ཟོག་མ་རྐང་ནང་འཇོག་རྒྱུ་ཟུང་འབྲེལ་བྱས་ཏེ་རྩྭ་ར་མུའུ་ཁྲི་16བརྒྱུད་བཤུག་བཏང་བ་རེད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྲི་དབང་གིས་ད་ཆ་མཉམ་ལས་ཁང་ལ་ལུག་7100དང་འབྲི་གཡག་900ཡོད་ཅིང་། ན་ནིང་ཧྲེ་ཡོན་ལ་ཁེ་སྤོགས་སྒོར་ཁྲི་133བགོས་པས་གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་14354ཟིན་ཡོད་ཅེས་བཤད།

རང་བྱུང་ཁོར་ཡུག་ཞན་པ་དང་མང་ཚོགས་ཀྱི་ཕྱུག་འགྱུར་འདུ་ཤེས་ཞན་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་འབྲོང་པ་རྫོང་གིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ལ་ཕྱུགས་ཟོག་དང་ངལ་རྩོལ་ནུས་ཤུགས་མ་རྐང་ནང་འཇོག་པ་དང་རྩྭ་ར་བརྒྱུད་བཤུག་གཏོང་བའི་བྱ་ཐབས་བརྒྱུད་མཉམ་ལས་ཁང་གི་གཉེར་སྐྱོང་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཏེ་ཡུལ་དེའི་གནམ་གཤིས་དང་འཚམ་པའི་ཇོ་རིའི་ཧོར་པའི་ལུག་གསོ་སྤེལ་བྱས་པ་རེད། ད་ཆ་རྫོང་དེ་ཡོངས་སུ་ལག་ཡོད་ལུག་མགོ་གྲངས་ཁྲི་55ཡོད་པའི་ནང་ཇོ་རིའི་ཧོར་པའི་ལུག་མགོ་གྲངས་ཁྲི་29ཡོད་པ་རེད།

ལོ་48ལ་སླེབས་པའི་དབུལ་སྒྲོལ་འབྲོག་པ་མགོན་བཀྲའི་ཁྱིམ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དྭངས་ལག་ཤང་ཁྲ་ཚོགས་གོང་མ་གྲོང་ཚོར་ཡོད་པ་དང་དྭངས་ལག་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པས་མཐོ་གྲང་སྐམ་ཤས་ཆེ་བའི་ཁུལ་ཞིག་རེད། མགོན་བཀྲའི་ཁྱིམ་གྱིས་དུས་ཡུན་རིང་པོའི་ནང་གནམ་ཆུ་སྒུག་ནས་འཚོ་བ་སྐྱེལ་བ་དང་སྐྱ་སྤོའི་འབྲོག་ལས་ནི་ཡོང་འབབ་འབྱུང་ཁུངས་འབའ་ཞིག་དེ་རེད། ཁོང་གིས“ཉེ་བའི་ལོ་ཤས་རིང་། ཤང་བར་སྣུམ་ནག་ལམ་བཏིང་བ་དང་2016ལོར་གྲོང་ཚོ་བར་ཨར་འདམ་ལམ་ཡང་བཏིང་ཡོད། སྔོན་ཆད་ས་ཐག་རིང་ཤོས་ཡིན་པའི་དབྱར་དུས་ཀྱི་འབྲོག་ར་ནས་ཤང་བར་རྟ་བཞོན་ནས་ཆུ་ཚོད་2ཙམ་འགྲོ་དགོས་པ་དང་ཤང་ནས་རྫོང་གྲོང་བར་ཉིན་ཕྱེད་ཙམ་འགོར་གྱི་ཡོད”ལམ་ཤར་གཏོང་ཐུབ་རྗེས་གྲོང་ཚོ་ནས་རྫོང་གྲོང་བར་ཆུ་ཚོད་3ལྷག་ཙམ་ལས་འགོར་གྱི་མེད་ལ་འབྲོག་དལ་སྐབས་ད་དུང་རྫོང་གྲོང་དུ་གླ་པ་ཙག་ཙིག་རྒྱུག་ནས་ཉིན་ལྟར་སྒོར་100གསོག་རྒྱུ་ཡོད་ཅེས་བཤད།

མགོན་བཀྲས་གསར་འགོད་པར“ད་ཆ་ཐག་རིང་དུ་འགྲོ་བར་སེམས་ཁྲལ་གཏན་ནས་མི་འདུག་ལ་ཁྱིམ་དུ་ལས་ཀ་ཡོད་ཀྱང་དུས་ཐོག་ཏུ་ལོག་ཐུབ་ཀྱི་འདུག”ཅེས་བཤད་པ་དང་ཕྱུགས་ཟོག་མེད་པའམ་ཡང་ན་ཕྱུགས་ཟོག་ཉུང་བའི་གྲོང་མི་ཁ་ཤས་ཀྱིས་རྫོང་དུ་བདེ་སྲུང་བ་དང་། གཙང་སྦྲ་བ། དངོས་ཟོག་ཚོང་མཁན་སོགས་ཀྱི་ལས་ཀ་བཙལ་ནས་ཟླ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་ཙམ་རག་གི་ཡོད་པ་རེད།

ཐོན་ལས་ཁྲོད་ཞིང་འབྲོག་པ་ལས་ཞུགས་ཚུར་བསྡུ་བྱས་པ།

མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དགེ་རྒྱས་གྲོང་རྡལ་སན་བུ་གྲོང་ཚོ་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡན་ཟིན་པ་དང་གྲོང་མིའི་སློབ་གསོ་ཐོབ་པའི་ཚད་གཞི་དམའ་པོ་ཡོད། དུད་ཚང་དབུལ་པོ་སྐར་གྱི་ནང་མིར་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཕུད་ཁྱིམ་གྱི་ལུག་བཅུ་ལྷག་ཙམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

ཉེ་བའི་ལོ་གཉིས་ནང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུང་ཁང་གི་སན་བུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སན་བུ་གྲོང་ཚོའི་ཐོན་ལས་ཅན་གྱི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་འཛུགས་སྐྲུན་རྣམ་གྲངས་ཁྲོད་སེམས་ནུས་བཏོན་པ་དང་མིག་སྔར་གྲོང་ཚོ་དེ་ཡོངས་ཀྱི་གྲོང་མི་ཕལ་ཆེ་བ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ནང་ཞུགས་པ་དང་དབུལ་པོ་56ལ་རྣམ་གྲངས་དེ་བརྒྱུད་ལས་ཞུགས་འབབ་འཕར་བྱུང་བ་རེད།

སྐར་གྱིས“ངས་མངའ་རིས་ས་ཁུལ་བསྲེགས་སོལ་ཀུང་སིར་གླ་པ་རྒྱུག་པར་ཟླ་རེར་ཡོང་འབབ་སྒོར་4000ཟིན་པའི་ཁར་ད་དུང་ཁོམ་པ་ཡོད་སྐབས་ཁྱིམ་དུ་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རོགས་བྱེད་པ་དང་ལས་ཡུལ་དུ་གཞུང་ལམ་ཉམས་གསོ་བྱེད་པར་འགྲོ་གི་ཡོད། བཟའ་ཟླས་རྫོང་གྲོང་དུ་ཇ་ཁང་བཙུགས་ནས་ལོར་ཡོང་འབབ་སྒོར་ཁྲི་1.3ཙམ་ཟིན་གྱི་འདུག”ཅེས་བཤད།

འདི་ལོ་སྐར་གྱི་ལོ་འཁོར་མོའི་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཟིན་ནས་ངལ་རྩོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་ཡོད། སན་བུ་གྲོང་ཚོར་འདི་ལོ་ཚུན་ཁྱིམ་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་86ལས་ཞུགས་གཞན་སྒྱུར་བྱས་པའི་ནང་ཐག་ཉེ་ས་དང་ས་ཆ་དེ་གར་མི་45ལས་ཞུགས་ཐུབ་པ་དང་ཕྱི་ཕྱོགས་སུ་མི་41གླ་པར་བསྐྱོད་དེ་ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3500ཙམ་ཡོད་པ་རེད།

དགེ་རྒྱས་རྫོང་གི་རྫོང་དཔོན་ཝང་མིང་ཅེས་རྫོང་དེ་ཡོངས་ཀྱིས་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྟེན་གཞི་བསྐྲུན་ནས་འབྲོག་ལས་སྤུས་ཚད་དང་ཕན་འབྲས་འཕར་རྒྱུར་རམ་འདེམས་བྱས་པར་འདི་ལོ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་2.35ཟིན་ཡོད། ཐོན་ལས་ཅན་གྱི་རྩྭ་འདེབས་རྣམ་གྲངས་ཀྱིས་རིམ་རྩིས་བརྒྱབ་ན་མི་500ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་དང་དུས་མཚུངས་འབྲོག་ལས་ཕན་འབྲས་ཀྱང་མཐོ་རུ་སོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ལོ་37ལ་སླེབས་པའི་དུད་ཚང་དབུལ་པོ་པད་མ་ཚེ་བརྟན་གྱི་ཁྱིམ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་ན་བརྒྱ་གྲོང་ཚོར་ཡོད་པ་དང་2017ལོའི་གོང་དུ་ཁོང་ཁྱིམ་གྱིས་ཞིང་ཁ་འདེབས་པ་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། པད་མ་ཚེ་བརྟན་གྱི་ཁྱིམ་དུ་མི་8ཡོད་པ་དང“ཕ་མ་གཉིས་ཀ་ཐང་པོ་དེ་ཙམ་མེད་སྟབས་རྟག་ཏུ་སྨན་ཁང་བསྟེན་དགོས་ལ་ཕྲུ་གུ་བཞི་པོ་ད་དུང་སློབ་གྲྭར་འགྲོ་བཞིན་ཡོད། རང་ཉིད་ཀྱི་རིག་གནས་ཆུ་ཚད་དམའ་བས་ཞིང་ཁ་འདེབས་པ་དང་། ཕྱུགས་འཚོ་བ། བཟའ་ཟླ་དང་མཉམ་དུ་རི་སྟེང་དུ་ཚོད་མ་དང་ཤ་མོང་བཀོག་ནས་ཁྱིམ་ཚང་གི་འགྲོ་སོང་འཕྱིད་ཐབས་བྱ་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་མེད ”ཅེས་ཁོང་གིས་བཤད་པ་དང་དཀའ་བ་ཇི་ཙམ་སྤྱད་ཀྱང་ལོ་འཁོར་མོའི་ཡོང་འབབ་སྒོར་ཁྲི་1ཀྱང་ཟིན་གྱི་མེད་སྟབས་དཀའ་ཚེགས་ཆེན་པོ་ཡོད་པ་རེད།

གྲོང་ཚོ་རིམ་པའི་ཐོན་ལས་ལ་བརྟེན་ནས་པད་མ་ཚེ་བརྟན་ལ་འགྱུར་ལྡོག་ཕྱིན་པ་དང་ད་ཆ་ཁོང་ལ་ལོ་ལྟར་གྲོང་ཚོའི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་རྒྱུ་ཡོད།

ན་བརྒྱ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀླུ་འབུམ་སྐྱབས་ཀྱིས་གྲོང་ཚོའི་ཏང་ཡོན་གྱི་སྐུལ་ཁྲིད་འོག་2015ལོར་གདོད་མའི་རྩྭ་དགའ་ནག་ནག་སྣོད་བཅུད་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་སུ་ཨར་ཁང་གི་ལས་དོན་པར་གླ་ཆ་སྒོར་2100ནས་4000བར་ལེན་རྒྱུ་ཡོད་པ་དང་2016ལོར་ཨར་ཁང་དངོས་སུ་ལས་གཉེར་བྱས་ཏེ་ལོ་གཉིས་ནང་མ་རྩ་ཚང་མ་ལོག་པའི་ཁར་འདི་ལོའི་ཡོང་འབབ་སྒོར་ཁྲི་45དེ་དག་གྲོང་མི་42ལ་བགོ་རྒྱུ་རེད། ཐེ་བོ་རྫོང་2018ལོར་རྫོང་ཡོངས་དབུལ་སྒྲོལ་ཐུབ་པ་དང་ན་བརྒྱ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་མཇུག་ཤོས་ཡིན་པའི་དུད་ཚང་དབུལ་པོ་5པོ་དེ་དག་ཀྱང་འདི་ལོ་དབུལ་སྒྲོལ་ཐུབ་རྒྱུ་རེད།

སྤྱི་ཚོགས་འགན་ལེན་གྱི་ཐ་སྐྱོང་སྟེ་མི་གཅིག་ཀྱང་མི་ལུས་པ།

བོད་ལྗོངས་ནི་རང་རྒྱལ་གྱི་ཐུམ་འབུའི་ནད་ཁྱབ་རྒྱ་ཆེ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ཞིང་། ལྗོངས་ཡོངས་སུ་ནད་གཞི་ཐོན་ཚད་1.66%ཟིན་པ་དང་ཐུམ་འབུའི་ནད་ནི་བདེ་ཐང་དབུལ་སྐྱོར་གྱི་དཀའ་གནད་ཆེ་ཤོས་དེ་རེད། དེར་བརྟེན་བོད་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་གནས་གཏན་འཁེལ་གྱི་སྨན་ཁང་13གཏན་འཁེལ་བྱས་པ་དང་སྨན་བཅོས་འགྲོ་གྲོན་སྲིད་གཞུང་དང་ནོར་སྲིད་ཀྱིས་ཐ་སྐྱོང་འགན་ལེན་བྱས་པ་རེད།

བོད་ལྗོངས་ཀྱིས་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོ་ཚང་མ་ནད་ཡམས་ལྕི་རིགས་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་པ་དང་2018ལོར་མི་ཐེངས་ཁྲི་13ལ་སྐྱོབ་རོགས་བྱས་ཏེ་ནད་ཀྱི་རྐྱེན་པས་དབུལ་པོ་ཆགས་པ་དང་བསྐྱར་དུ་དབུལ་པོ་ཆགས་རྒྱུ་བཀག་འགོག་ནུས་ལྡན་བྱས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོར་འཚོ་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་14734འཚོ་སྐྱོང་བྱས་པའི་ནང་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་57.2%ཟིན་པ། གནས་སྐབས་རོགས་སྐྱོབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་2018ལོའི་ལོ་འཁོར་མོར་མི་ཐེངས་15215ལ་སྐྱོབ་རོགས་བྱས་པ་བཅས་རེད། 2020ལོར་སླེབས་སྐབས་བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་ལེན་གྱི་ཐ་སྐྱོང་བ་བརྒྱུད་མི་ཁྲི་24དབུལ་སྒྲོལ་ཐུབ་རྒྱུ་རེད།

དབུལ་སྒྲོལ་འབྲོག་པ་ཀུན་བཟང་གི་ཁྱིམ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་སྒ་སྟོད་ཤང་མཁར་བརྒྱད་གྲོང་ཚོར་ཡོད་པ་དང་། ཁོང་ལ་བུ་མོ་བཞི་ཡོད་པའི་ནང་བུ་མོ་གཅིག་ལྷན་སྐྱེས་རང་བཞིན་གྱི་སྒལ་རུས་འཁྱོག་ཡོད་པ་དང་། བུ་མོ་གཅིག་འཚིག་རྨས་ཀྱིས་མཛུབ་མོ་ལྔ་བརྐྱངས་ཐུབ་ཀྱི་མེད། 2017ལོའི་ལོ་མཇུག་ཏུ་སླར་ཡང་ཀུན་བཟང་གི་བུ་མོ་གཞན་ཞིག་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རུས་པ་ཆག་པ་རེད།

ཁྲི་འདུ་རྫོང་གིས་སྨན་བཅོས་དབུལ་སྐྱོར་གྱི་རྣམ་གྲངས་དང་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་ལ་བརྟེན་ནས་ཀུན་བཟང་གི་བུ་མོ་གསུམ་མཚོ་སྔོན་གྱི་རྒྱ་གྲམ་དམར་རྟགས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། སྒལ་རུས་འཁྱོག་པའི་བཟང་དཔལ་ལྷ་མོའི་ནད་ཅུང་ཚབས་ཆེ་བས་གཤགས་བཅོས་ཐེངས་5བྱས་པ་རེད།

ཀུན་བཟང་གིས་གསར་འགོད་པར་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གིས་ཁོང་ཚོའི་ནང་མིར་ནད་ཁང་གཅིག་སྤྲད་པ་དང་གཙོ་བཅོས་སྨན་པས་རང་ཉིད་ཀྱི་བཟའ་བྱའི་གཱ་ཁོང་ཚོར་སྤྲད་དེ་ཉིན་གཅིག་གི་ལྟོ་ཐེངས་གསུམ་གྱི་འགྲོ་གྲོན་གྲོན་ཆུང་ཐུབ་བྱུང་ཞེས་བཤད།

དུས་ཚོད་གང་ཙམ་སོང་རྗེས་ལོ་14ལ་སླེབས་པའི་བཟང་དཔལ་ལྷ་མོ་སྒལ་པ་འདྲོང་ནས་འགྲོ་ཐུབ་ཀྱི་ཡོད། ཁོང་གིས“རང་ཉིད་སླར་ཡང་སློབ་ཆུང་དུ་འགྲོ་ཐུབ་པ་དང་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་དཔེ་ཀློག་དང་རྩེད་མོ་རྩེ་ཐུབ་པས་ང་ཧ་ཅང་དགའ་པོ་བྱུང”ཞེས་བཤད།

གཞན་ཡང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱིས་འཇོན་ཐང་ཅན་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ལས་ཀ་བྱེད་དུ་མངགས་ཡོད། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་འདི་ལོ་ཚུན་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་50འདེམས་གཏོང་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ་དང་། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པའི་ལས་བྱེད་པའི་ཁྲོད་མི་14ཁྲུའུ་རིམ་པ་དང་མི་74ཁོའོ་རིམ་པར་གོ་གནས་སྤར་བ་དང་། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་137གཅིག་སྡུད་བཅོས་སྒྲིག་བྱས་པ། བླང་བྱ་དང་མི་མཐུན་པའི་གྲོང་སྡོད་ལས་དོན་རུ་མི་111ལེགས་སྒྲིག་དང་ཚུར་སྐོང་བ་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ལས་ཀའི་ལྟེ་གནས་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེབས་ཞུ་བའི་ལས་དོན་ཁྲོད་གཞན་སྒྱུར་བྱ་རྒྱུར་མུ་མཐུད་ཁྲིད་སྟོན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།