ལྷ་སའི་མེ་འཁོར་ས་ཚུགས་ཀྱིས་འགྲུལ་བ་མི་ཐེངས་ཁྲི22.04ལྷག་ཙམ་སྐྱེལ་འདྲེན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས12ཉིན་གྱི་སྔ་དྲོར་གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་མེ་འཁོར་ས་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ལྕགས་ལམ་གྱི་ལོ་གསར་འགྲུལ་སྐྱེལ་བྱ་བ་དེ་ཟླ1པའི་ཚེས10ཉིན་ནས་འགོ་བརྩམས་རྒྱུ་དང་ཟླ2པའི་ཚེས18ཉིན་མཇུག་རྫོགས་རྒྱུ་རེད།

 ལྷ་སའི་མེ་འཁོར་ས་ཚུགས་ཀྱི་འགྲུལ་སྐྱེལ་རྩ་འཛུགས་ཁོངས་མི་བསོད་ནམས་དབང་མོས་གསར་འགོད་པ་ལ2020ལོར་ལོ་གསར་གྱི་འགྲུལ་བ་སྐྱེལ་འདྲེན་ལ་ལྷ་སའི་ས་ཚུགས་ཀྱིས་སྔོན་དཔག་བྱས་ན་འགྲུལ་བ་མི་ཐེངས་ཁྲི22.04སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་ཆ་སྙོམས་མི་ཐེངས5500སྐྱེལ་འདྲེན་བྱ་རྒྱུ་དང་དུས་མཚུངས་ལས3%འཕར་བ་རེད།   ད་ལོའི་སྐྱེལ་འདྲེན་བྱེད་པའི་འགྲུལ་བ་ནང་ལོ་མ་གསར་གོང་ལ་གཙོ་བོ་ཞོར་ལས་པ་དང་། གཉེན་ཉེར་ལྟ་མཁན། སློབ་མ་བཅས་ཡིན་ཞིང་། ལོ་གསར་རྗེས་གཙོ་བོ་ལས་བྱེད་མི་སྣ་ཕྱིར་ལོག་མཁན་ཡིན།  ཁ་ཕྱོགས་གཙོ་བོ་ནི་གཞིས་ཀ་རྩེ་དང་། ནག་ཆུ། ཨ་མདོ། ན་གོར་མོ། ཟི་ལིང་བཅས་ཀྱི་འགྲུལ་བ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་སའི་མེ་འཁོར་ཚུགས་ཀྱིས་ཉིན་རེར་ཆ་སྙོམས་འགྲུལ་བ་མི་ཐེངས4900ཙམ་སྐྱེལ་འདྲེན་བྱེད་པ་དང་། མང་ཆེ་ཤས་ཞོར་ལས་བ་རང་ཡུལ་ལ་ལོག་པའི་རིགས་ཡིན་ལ། ལྷག་པར་དུ་ཁྲིན་ཏུའུ་ཕྱོགས་ཀྱི་མེ་འཁོར་ནང་འགྲུལ་བ་འབུད་ཚད་གཞི་རྩའི་ཐོག95%ཡན་ཟིན་པ་དང་།  ཁྲིན་ཏུའུ་ནས་ཐད་གཏོང་པ་སེ་ཉོ་བའི་དགོས་མཁོ་སྐོང་ཆེད། ལྕགས་ལམ་པུའུ་ཡིས་ལམ་བར་ནས་བརྗེ་སྡོད་བྱེད་པའི་འགྲུལ་བའི་སྐྱེལ་འདྲེན་ཐད་འགན་ལེན་བྱས་པ་དང་། འགྲུལ་བས་མཉམ་འབྲེལ་མེ་འཁོར་པ་སེ་ཉོས་ཆོག་ལ། ཟི་ལིང་ནས་མེ་འཁོར་བརྗེ་འདོད་ན་མིག་སྔར་པ་སེ་འདང་ངེས་ཡོད་པ་རེད།

 ལྷ་ས་མེ་འཁོར་ས་ཚུགས་ཀྱིས་རྒྱ་ཆེའི་ཡུལ་སྐོར་བ་ཚོར་བརྗོད་འདོད་པ་ཞིག་ནི། མིག་སྔར་མེ་འཁོར་ཐེངས་གྲངསZ324ཡི་པ་སེ་ཉུང་བས་འགྲུལ་བས་མ་མཐའ་ཡང་གཟའ་འཁོར་གཉིས་ཀྱི་སྔོན་ལ་འཆར་གཞི་བཀོད་དེ་པ་སེ་ཉོ་དགོས་པ་རེད་ཅེས་བཤད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།