བྱ་ཐབས་སྣ་མང་སྤྱད་དེ་དམངས་ཀྱི་དཀའ་གནད་སེལ།

—— མངའ་རིས་ས་ཁུལ་གྱི་གྲོང་སྡོད་ལས་བྱེད་པ་ཁག་བརྒྱད་པས་བྱ་བ་དངོས་བསྒྲུབས་ནས་གྲོང་གསེབ་དར་རྒྱས་བཏང་བའི་སྐོར་བཀོད་པ།

ད་ལོའི་ཚུན་དུ། མངའ་རིས་ས་ཁུལ་གྱིས་གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ཁག་བརྒྱད”ལ་གནད་སྨིན་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་འགོ་འཛུགས་ས་མཐོ་པོས་བཀོད་སྒྲིག་དང་། ཚད་གཞི་མཐོ་པོས་ཇུས་འགོད། སྤུས་ཚད་མཐོ་པོས་སྐུལ་འདེད་བཅས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་གཙོ་གནད་འཕེལ་རྒྱས་གཏོང་བ་དང་། ཞན་ཆར་གཙོ་བོ་དམིགས་པ། དཀའ་གནད་སེལ་བ་བཅས་ཀྱི་ཐད་ལས་དོན་ཧུར་ཐག་བསྒྲུབས་ནས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་པ།

མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་འགོ་འཛུགས་ས་མཐོ་པོས་ཇུས་འགོད་དང་ཚུགས་གནས་མཐོ་པོས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་བ་རེད། རྨང་བརྟན་དམངས་ཕན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་མི་གྲངས་མང་དུ་བཏང་ནས་སྔ་རྗེས་སུ་རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པ་གཉིས་ཀྱི་མངགས་སྡོད་ཚན་པ་26ལེགས་སྒྲིག་བྱས་ནས་མཚོ་ཆེན་དང་། དགེ་རྒྱས། སྒེར་རྩེ་བཅས་རྫོང་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཞན་པའི་གྲོང་ཚོར(གྲོང་ལྷན)ལས་དོན་སྤེལ་བར་མངགས་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པ་དང་། འཇོན་ཐང་མངོན་གསལ་དོད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་572གྲོང་སྡོད་ལས་དོན་རུ་ཁག་ནང་འདེམས་གཏོང་བྱས་ནས། གྲོང་སྡོད་ལས་དོན་བདེ་བླག་ངང་སྤེལ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བོད་ནུབ་ཀྱི་གདོང་ལེན། གསར་བརྗེའི་མངའ་རིས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་པ་དང་། “1+7+7+1”གི་སྤུས་རྟགས་གཏོད་པའི་མ་ལག་དམ་འཛིན་བྱ་གཞིར་བརྩིས་ནས་ཏང་རྩ་འཛུགས་ཀྱི་ནུས་པ་གཅིག་ཏུ་འདུས་པ་དང་། ཏང་ཡོན་གདོང་ལེན་དུ་བྱེད་པ། ཏང་འཛུགས་སྐྱོང་གིས་དམངས་ལ་ཕན་འདོགས་པ། ཏང་འཛུགས་སྐྱོང་གིས་མཐའ་མཚམས་སྲ་བརྟན་གཏོང་བ་བཅས་ཀྱི“འདུ་འགོད་བཞི”ལག་ལེན་བསྟར་རོགས་བྱས་ནས“གྲོང་ཚོ་ཨང་དང་པོ་བཅུ་གསུམ”གཏོད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་145ཕྱོགས་ཡོངས་ནས་རིམ་སྤོར་དང་གཏོད་དེ་ཆབ་སྲིད་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་གཏོང་བ་དང་། མི་3ཡན་གྱི་ཏང་ཡོན་གྲོང་སྡོད་ལས་དོན་རུ་ཁག་གིས་གནས་སྐབས་ཀྱི་ཏང་ཀྲི་པུའུ་70འཛུགས་པ། ཏང་དོན་དང་། གྲོང་དོན། ནོར་དོན་གྱི་ལམ་ལུགས་133འཐུས་སྒོ་ཚང་དུ་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་15དག་ཐེར་བྱེད་རོགས་བཅས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

གྲོང་གསེབ་བཅོས་སྐྱོང་གི“བྱ་ཐབས་སྣ་མང”ཡག་པོ་སྤྱད་པ།

གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་དང་འཕྲལ་སྡོམ་ཐོལ་བྱུང་གནས་ཚུལ་ཐག་གཅོད་ཀྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས“སྔོན་འགོག་དྲུག”གི་འཕྲལ་སྡོམ་སྔོན་ཇུས་བཟོ་བདང་། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། སྐོར་སྐྱོད་དྲིལ་བསྒྲགས། གཏན་འཇགས་དྲིལ་བསྒྲགས་བཅས“དྲིལ་བསྒྲགས་འཐབ་ས་གསུམ”ཧུར་ཐག་གཏོད་པ། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”དང་།“གུང་ཁྲན་ཏང་ལ་ལན་བཅུ་ཐུགས་རྗེ་ཞུ”“བོད་གསར་རྙིང་བསྡུར་བ”སོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད།

གྲོང་གསེབ་བཅོས་སྐྱོང་དང་ཡུལ་སྲོལ་ཡ་རབས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། ལྗང་མདོག་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཁྱབ་སྤེལ་བཏང་ནས་གྲོང་ཚོ་དང་དུད་ཚང་ཚང་མར་ཤིང་ཡོད་པ་བྱས་ཤིང་། “གསང་སྤྱོད་གསར་བརྗེ”དང་། “གཉིས་གཅོག་གཅིག་སྤོར”ཡུལ་ནད་ཕྱོགས་བསྡུས་འགོག་བཅོས་བཅས་ཀྱི་དྲིལ་བསྒྲགས་ཐེངས་699བྱས་པ་དང་། “གོམས་སྲོལ་སྒྱུར་བ་དང་ཡ་རབས་གོམས་སྲོལ་ཆགས་པའི”བྱེད་སྒོ་ཐེངས་891སྤེལ་བ། གྲོང་སྲོལ་དམངས་ཆིངས་281འཐུས་སྒོ་ཚང་དུ་གཏོང་རོགས་བྱེད་པ་བཅས་བྱས་པས་མི་ཁྲི་1.2ལྷག་ཙམ་གྱིས་ལུགས་རྙིང་སྲོལ་ངན་འགྱུར་ལྡོག་བཏང་བ་དང་འཚོ་བའི་གོམས་གཤིས་ངན་པ་དོར་ཡོད་པ་རེད།

གཞི་རིམ་དབུལ་སྒྲོལ་གྱི“གདོང་ལེན་རུ་ཁག”ཡག་པོ་བྱས་པ།

རིམ་ཁག་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་། མངགས་སྡོད་ཚན་པ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱིས་ཤར་རྒྱུད་རྫོང་གསུམ་གྱི་དབུལ་སྒྲོལ་ཞྭ་འཕུད་དང་ནུབ་རྒྱུད་རྫོང་བཞིའི་དབུལ་སྐྱོར་གྲུབ་འབྲས་བརྟན་གཏོང་གི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ས་ཁུལ་ཡོངས་ལ་འདི་ལོ་དུད་ཚང་1833གྱི་མི་6799དབུལ་སྒྲོལ་ཐུབ་པར་རོགས་རམ་བྱས་ཡོད་པ་རེད།

ཏང་ཡོན་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་དབུལ་སྐྱོར་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་1.4ཡིས་མང་ཚོགས་དབུལ་པོ་ཁྲི་2.31ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དངོས་328བསལ་བ་དང་། བྱ་བ་དངོས་དང་བྱ་བཟང་1932བསྒྲུབས་པར་མ་དངུལ་སྒོར་304.86བཏང་ཡོད་པ་རེད། གྲོང་སྡོད་ལས་བྱེད་པ་491གིས་དུད་ཚང་འགན་གཙང་ལེན་པའི་བྱ་ཐབས་སྤྱད་དེ་དུད་ཚང་དབུལ་པོ་1339ཡི་མི་གྲངས་4873ལ་རོགས་རམ་བྱས་པ་དང་། སློབ་གསོའི་དབུལ་སྒྲོལ་དང་། རྩལ་ནུས་གསོ་སྦྱོང་། ཕྱིར་གླ་པ་རྒྱུག་པ་བཅས་ཀྱི་རོགས་སྐྱོར་བྱ་ཐབས་ཁག་484བཟོས་པ། དཀའ་ངལ་དངོས་592བསལ་བ། རྩལ་ནུས་གསོ་སྦྱོང་ཐེངས་230སྒྲིག་འཛུགས་བྱས་པ། མི་གྲངས་1357ལས་ཞུགས་གཞན་སྒྱུར་བྱས་པ། འབབ་འཕར་སྒོར་ཁྲི་276.6བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།