གཞིས་རྩེ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུ་ཉམས་ཞན་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆབ་སྲིད་ཟུར་ཁྲིད་པ་མངགས་པའི་ལས་ཀའི་ལམ་སྲོལ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་མི་འདང་བ་དང་། ཏང་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་མེད་པ། ཞིང་འབྲོག་པ་ཏང་ཡོན་གྱི་ཆབ་སྲིད་བྱང་ཚད་མཐོ་པོ་མེད་པ། མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་ཞན་པའི་གནད་དོན་ལ་དམིགས་ནས། གཞིས་རྩེ་གྲོང་ཁྱེར་གྱིས་ལག་ལེན་ལ་འཚོལ་ཞིབ་ཧུར་ཐག་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་དམག་མི་དང་ཉེན་རྟོག་པའི་དཔུང་ཁག་གི་ཉམས་མྱོང་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཆབ་སྲིད་ཟུར་ཁྲིད་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། གཅིག་གཏད་གཅིག་གམ་ཡང་ན་གཅིག་གིས་མང་པོར་ཕྱོགས་པའི་བྱ་ཐབས་སྤྱད་དེ་གྲོང་ཚོར(གྲོང་ལྷན)ཆབ་སྲིད་ཟུར་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་ཐད་སྤུས་འབོར་གཉིས་ལྡན་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

གདམ་གསེས་ཡག་པོ་བྱས་ཏེ་གཞི་རིམ་གྱི་ཆབ་སྲིད་ཟུར་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “གཞི་རིམ་གྱི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ལས་དོན་གལ་ཆེན་ཞིག་རེད། གཞི་རིམ་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཚང་མར་དམིགས་ཡུལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་མོ་ཡོད་ཚེ། ཚང་མས་དམག་འཐབ་མཁར་རྫོང་གི་ནུས་པ་དང་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་ཐུབ་སྟེ། གཞི་ནས་རང་རེའི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་སྟོབས་ཤུགས་ཆེན་པོ་ལྡན་པ་མ་ཟད། ཏང་གི་སྲིད་འཛིན་རྨང་གཞི་ཡང་སྲ་ཞིང་བརྟན་པ་ཡོང་ཐུབ”ཅེས་གསུངས་པ་རེད།

ཆབ་སྲིད་ཟུར་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ནི་དུས་བབ་ཀྱི་དགོས་མཁོ་དང་། ལས་ཀའི་བརྟེན་ས། འགན་འཁྲི་འཁུར་ཡུལ་བཅས་ཡིན་པས་ཆབ་སྲིད་ཟུར་ཁྲིད་པའི་འཇོན་ཐང་དང་ཆུ་ཚད་ཀྱིས་ཏང་དང་གཞི་རིམ་འཛུགས་སྐྱོང་གི་སྤུས་ཚད་ཡག་པོ་ཡོད་མེད་ཐད་ཀར་གཏན་འཁེལ་བྱེད་ཀྱི་ཡོད།

རྫོང(ཆུས)ཨུད་ཁག་གིས་རང་འགུལ་ངང་བཅའ་སྡོད་དཔུང་སྡེ་དང་ཉེན་རྟོག་པའི་དབར་སྤེལ་རེས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དམག་མི་དང་ཉེན་རྟོག་པའི་ཚན་པས་འོས་སྦྱོར་བྱེད་པ་དང་ཤང(ཁྲོམ་གཞུང)ཏང(བཟོ་ཚོགས)ཨུད་ཀྱིས་གདམ་གསེས་ཡག་པོ་བྱེད་པ་བརྒྱུད། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། ཏང་དོན་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་དམག་མི་དང་ཉེན་རྟོག་ལས་བྱེད་པ་གྲོང་ཚོ་ཨུ་ལྷན་གྱི་ཆབ་སྲིད་ཟུར་ཁྲིད་པའི་འགན་གཅིག་ལྕོགས་འཁུར་དུ་བཅུག་པས། “གྲོང་ཚོ་རེར་ཆབ་སྲིད་ཟུར་ཁྲིད་པ་རེ”ཡོད་པ་མངོན་འགྱུར་བྱུང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་གྲོང་ཚོའི(གྲོང་ལྷན)ཆབ་སྲིད་ཟུར་ཁྲིད་པ་1673མངགས་ཏེ་གྲོང་ཚོ་ཚང་མར་ཁྱབ་ཡོད།

དོ་དམ་ཡག་པོ་བྱས་ཏེ་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།

བསམ་གྲུབ་རྩེ་ཆུས་ཀྱིས་ཆབ་སྲིད་ཟུར་ཁྲིད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དུས་ཆེན་གལ་ཆེན་ཕུད། ཆབ་སྲིད་ཟུར་ཁྲིད་པས་དུས་བཀག་ལྟར་རྒྱུན་འབྲེལ་གྲོང་ཚོར(གྲོང་ལྷན)ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་སློབ་གསོ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ཀྱི་ནང་དོན་ཚུད་པའི་ཆབ་སྲིད་ཟུར་ཁྲིད་ཀྱི་ལས་དོན་སྤེལ་དགོས་པ་གསལ་སྟོན་བྱས་ཡོད།

ལྷ་རྩེ་རྫོང་གིས་དམག་དཔུང་དང་ས་ཁུལ་འབྲེལ་གཏུག་ཚོགས་འདུ་དང་། ལས་འགན་མཐུན་སྦྱོར། ཆ་འཕྲིན་སྤེལ་རེས་བཅས་ཀྱི་འབྲེལ་གཏུག་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། “འདེམས་གཏོང་ཁས་ལེན་དང་། གནད་སྨིན་ཟུར་ཁྲིད། ཟུར་ཁྲིད་ཟིན་ཐོ། གྲུབ་འབྲས་གདེང་འཇོག”བཅས་ཀྱི་ལས་དོན་སྒྲུབ་སྟངས་འཐུས་སྒོ་ཚང་དུ་བཏང་བ། ཆབ་སྲིད་ཟུར་ཁྲིད་པས་གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་གི་རིམ་སྤེལ་བྱེད་སྒོའི་ཟིན་ཐོ་དང་རྩིས་ཁྲ་འཛུགས་རྒྱུར་ཁ་གཏད་ཟུར་ཁྲིད་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་ཏེ་ཟུར་ཁྲིད་ལམ་སྲོལ་ཚད་ལྡན་ཅན་གྱི་སྒོ་ནས་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།

དིང་རི་རྫོང་གིས་ཆབ་སྲིད་ཟུར་ཁྲིད་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་དམིགས་ནས་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ། འབྲེལ་ཡོད་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཟུར་ཁྲིད་པའི་ལས་འགན་དང་། ཟུར་ཁྲིད་བྱེད་ཚད། ཟུར་ཁྲིད་བྱ་ཐབས་བཅས་ཁ་གསལ་བཟོས་པ་རེད།

ཆབ་སྲིད་ཟུར་ཁྲིད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད། གཞིས་རྩེ་གྲོང་ཁྱེར་གྱིས་ལམ་སྲོལ་འཛུགས་སྐྱོང་བྱ་རྒྱུ་སྔོན་འགྲོར་བྱེད་པ་དང་འཁོར་རྒྱུག་ཚད་ལྡན་ཡོང་རྒྱུ་དམིགས་ཚད་དུ་བྱས་ཏེ། ཆབ་སྲིད་ཟུར་ཁྲིད་པ་གསོ་སྦྱོང་ནང་ཞུགས་པ་དང་ཆབ་སྲིད་ཟུར་ཁྲིད་པའི་ལས་དོན་སྤེལ་ཚུལ་སོགས་ལ་སྒུལ་རྣམ་དོ་དམ་བྱས་པ་དང་། ཟླ་རེར“གཏན་འབེབས་བྱ་སྤྱོད”ཐེངས་གཅིག་ནས་གཉིས་བར་སྤེལ་བ་དང་ས་ཁུལ་ཁག་གིས་དོན་དངོས་གཞིར་བཟུང“རང་འདེམས་བྱ་སྤྱོད”གསར་གཏོད་བྱས་ནས་ཆབ་སྲིད་ཟུར་ཁྲིད་པའི་ནུས་པ་འདོན་སྤེལ་བྱ་རྒྱུ། འགན་ལེན་བྱེད་དགོས་པའི་གཏན་འཁེལ་ཁ་གསལ་བྱས་ཡོད།

སློབ་གསོ་ཡག་པོ་བརྒྱབ་ནས་ཆབ་སྲིད་ཟུར་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

ས་སྐྱ་རྫོང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” “ཇོ་རིའི་སྙིང་སྟོབས”བཅས་རྒྱུན་འཛིན་དར་སྤེལ་བཏང་སྟེ་ཆབ་སྲིད་ཟུར་ཁྲིད་པས་ཆེད་དོན་ཟུར་ཁྲིད་དང་ཏང་གི་སློབ་ཚན་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཏང་བ་དང་། ཞིང་འབྲོག་མང་ཚོགས་ལ་ཤེས་དཔལ་སྲོལ་བཟང་འཛུགས་པ་དང་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་སུ་བཅུག་སྟེ་སྒྲོག་འགྲེལ་ཐེངས་142བྱས་ནས་མང་ཚོགས་མི་ཐེངས་ཁྲི་1.5ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ཁྲོད་ཀྱི་ཆབ་སྲིད་ཟུར་ཁྲིད་པའི་ཁྲིད་སྟོན་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱིས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱི་ཆབ་སྲིད་ཟུར་ཁྲིད་པའི་ལས་དོན་དེ་རིགས་པའི་གཞུང་ལུགས་ཟུར་ཁྲིད་བྱེད་པ་ཁོ་ན་ནས་རྩ་འཛུགས་མཉམ་གཏོད་དང་། དཔུང་ཁག་མཉམ་འཛིན། བརྟན་ལྷིང་མཉམ་སྲུང་། ཐོན་ཁུངས་མཉམ་སྤྱོད། རིག་གནས་སྤེལ་རེས་སོགས་ཕྱོགས་ཚང་མའི་བར་འཕེལ་རྒྱས་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།