མི་རིགས་སྣ་མང་འགྲོ་འོང་ཟབ། ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ།

—— “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”མངའ་རིས་མཁའ་འགྲུལ་ས་ཚིགས་ཀྱི་སྐོར་བཀོད་པ།

དུས་གཏན་གནམ་གྲུའི་འཁོར་སྐྱོད་བདེ་འཇགས་འགན་ལེན་བྱས་པ།

ཟླ9ཚེས27ཉིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། མངའ་རིས་མཁའ་འགྲུལ་ས་ཚིགས་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ665ཡི་གྲས་སུ་ཚུད་ནས་གཟེངས་བསྟོད་ཐོབ་པ་རེད།

མངའ་རིས་མཁའ་འགྲུལ་ས་ཚིགས་ནི་མངའ་རིས་དགུན་ས་གནམ་ཐང་གི་གཉེར་སྐྱོང་ཚན་པ་ཡིན་ཞིང་། 2009ལོར་བསྐྲུན་པ་དང་། ད་ཆ་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་ལས་མི་200ལྷག་ཙམ་ཡོད། མངའ་རིས་དགུན་ས་གནམ་ཐང་2010ལོའི་ཟླ་7ཚེས་1ཉིན་ནས་སྤྱོད་འགོ་ཚུགས་ཤིང་། དེ་ནི་རང་སྐྱོང་ལྗོངས་ཀྱི་དམངས་སྤྱོད་གནམ་ཐང་4པ་དེ་ཡིན་པ་རེད།

མཁའ་འགྲུལ་ས་ཚིགས་ཀྱི་ཏང་ཨུད་ཀྱིས་བསམ་བློ་ཆབ་སྲིད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཏེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་མི་རིགས་འཆམ་མཐུན་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ། ཏང་ཀྲུང་དབྱང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་ཏེ། རྒྱ་ཆེའི་ལས་བྱེད་ལས་བཟོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད། མཁའ་འགྲུལ་ས་ཚིགས་ཀྱི་ལས་མིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རྩ་བ་དམ་པོར་བཟུང་བ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བསྲུངས་ཏེ་དུས་གཏན་གནམ་གྲུའི་འཁོར་སྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གང་རུང་ལ་དོགས་ཟོན་དང་སེལ་བ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་དང་དེ་བཞིན་བོད་དར་རྒྱས་གོང་འཕེལ་གཏོང་བའི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་མ་ཟད། ལག་ལེན་བསྟར་བ་དང་ཏང་གི་བཀའ་དྲིན་ཚོར་བ་དང་། ཤེས་པ། འཇལ་བ་བཅས་བྱས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་བྱས་ཡོད། མཁའ་འགྲུལ་ས་ཚིགས་བཙུགས་པ་ནས་ད་བར་ལས་མིས་ལྟ་རེས་སྐྱོང་རེས་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བར་འགན་འཁྲི་ཡོད་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ཡོད་པ་རེད།

མཁའ་འགྲུལ་ས་ཚིགས་འཛུགས་སྐྲུན་གྱི“ཤུལ་འཛིན་པ”གསོ་སྐྱོང་བྱས་པ།

མངའ་རིས་མཁའ་འགྲུལ་ས་ཚིགས་ཀྱིས་དུས་ཡུན་རིང་པོར་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ལ་གཞོལ་ཏེ་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་8འབྲིང་རིམ་ལས་བྱེད་པར་བསྐོས་པ་དེས་འབྲིང་རིམ་ལས་བྱེད་པའི་བསྡོམས་འབོར་གྱི་50%བཟུང་ཡོད། དཀོན་མཆོག་ཆོས་བཟང་ནི་དགུན་ས་ཤང་ནས་ཡིན་ཞིང་། སློབ་ཆེན་ཐོན་རྗེས་མངའ་རིས་དགུན་ས་གནམ་ཐང་དུ་ལས་ཀར་ཞུགས་ཏེ་ལག་རྩལ་པ་ཞིག་ནས་རིམ་བཞིན་མཁའ་འགྲུལ་ལས་དོན་གྱི་ཆེད་ལས་ལག་རྩལ་གྱི་སྣེ་ཁྲིད་པ་ཞིག་ཏུ་གྱུར་པ་དང་། པད་མ་རྒྱ་མཚོ་ནི་གནམ་ལྕོག་གི་བོད་རིགས་དོ་དམ་པ་ཞིག་ཡིན་པ་མ་ཟད། གནམ་ཐང་བདེ་འཇགས་དོ་དམ་གཞུང་ལས་ཁང་གི་ཅིང་ལི་གཞོན་པའང་ཡིན་ཞིང་། དུས་གཏན་གནམ་གྲུ་རེ་རེ་བཞིན་གངས་ལྗོངས་ས་མཐོ་ནས་འཕུར་འབབ་བྱེད་པར་བཀོད་འདོམས་བྱེད་ཀྱི་ཡོད། ཁོང་ནི་ད་དུང་ཀི་ཐར་དཀྲོལ་མཁས་པ་དང་པར་རྒྱག་རྩལ་ཡག་པོ་ཡོད་པའི་ཡོན་མང་རྩལ་མང་གི་མི་ཞིག་ཡིན་པས་རྟག་ཏུ་ཚང་མར་སྤྲོ་སྣང་སྟེར་གྱི་ཡོད། སྦྱངས་འབྲས་གཟེངས་སུ་ཐོན་པའི་དབང་གིས་ཁོང་ད་དུང་དམངས་སྤྱོད་མཁའ་འགྲུལ་མངའ་རིས་ས་ཚིགས་ཀྱི་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱི“ལྔ་བཞི་གཞོན་ནུའི་གཟེངས་རྟགས”ཐོབ་མཁན་འབའ་ཞིག་དེ་ཡིན། ད་དུང་དྲ་ཐོག་མིང་ཅན“མངའ་རིས་བ་ཆུང་ཆུང”སྐར་མ་སྲི་ཆོས་དང “ལས་མིའི་སྐྲ་བཞར་མཁན”ཡེ་པའོ་སོགས་མཁའ་འགྲུལ་ས་ཚིགས་ཀྱི་གནམ་ས་འདིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག“ཤུལ་འཛིན་མཁན”ཚོས་སྤྲོ་སྣང་ལྡན་པའི་ངང་སོ་སོའི་རིན་ཐང་ངོམ་བཞིན་ཡོད། ཁོང་ཚོ་ཧུར་བརྩོན་ཆེ་བ་དང་། བག་ཡངས་བ། སྣང་བ་སྐྱིད་པ། ཡར་བརྩོན་བཅས་ལྡན་པས་གྲང་ངར་ལ་མི་སྐྲག་པའི་འོམ་བུ་ཤིང་དང་གཉིས་སུ་མ་མཆིས།

དྲོ་སྐྱིད་ལྡན་པའི“ཁྱིམ་ཚང་རིག་གནས”

ཐོ་རེངས་ཀྱི་ཆུ་ཚོད་ལྔ་པར་དགུན་ས་གནམ་ཐང་གློག་འོད་ཁྲ་ཆི་ལེར་གསལ། གལ་སྲིད་ཁྱེད“མི་མེད་ལུང་སྟོང”མང་པོ་ཞིག་བརྒྱུད་དེ་འདིར་འབྱོར་སྐབས་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་ངང་གིས་སྐྱེས་སྲིད། མངའ་རིས་མཁའ་འགྲུལ་ས་ཚིགས་ནས་ཐོན་པའམ་ཡང་ན་འབྱོར་སྐབས་འདི་གར་ནི“ཁྱིམ་ཚང”ཞིག་ཡིན་པའི་སྣང་བའང་བྱུང་སྲིད།

མངའ་རིས་མཁའ་འགྲུལ་ས་ཚིགས་ནི་བོད་རྒྱ་གཙོ་བོར་བྱས་པའི་ཁྱིམ་ཚང་ཆེ་མོ་ཞིག་རེད། བོད་རིགས་ལས་མི་129ཡོད་པ་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་ལས་མིའི་ཁྲོད་བཟུང་བའི་བསྡུར་ཚད་68.8%ཟིན་གྱི་ཡོད། སྐད་རིགས་དང་བཟའ་བཏུང་གི་ཁྱད་པར་ཙམ་ལས་བོད་རིགས་དང་རྒྱ་རིགས་གང་ཡིན་གྱི་དབྱེ་བ་འབྱེད་དཀའ། འདིར་མི་རིགས་ཀྱི་དབྱེ་བ་མེད་ཅིང་། ཚང་མ་མཁའ་འགྲུལ་ས་ཚིགས་ཀྱི་ལས་མི་དང་། ལས་རོགས། འཐབ་གྲོགས། སྤུན་ཟླ། གཉེན་ཉེ་བཅས་ཡིན། ཚང་མ་ངོ་གདོང་དམར་སྨུག་ཆགས་ཤིང་། ཚང་མས་མངའ་རིས་ས་ཁུལ་མི་དམངས་ཀྱི་བདེ་རྩ་དང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་འཕེལ་རྒྱས་ཐད་འབད་བརྩོན་ལྷོད་མེད་ཀྱིས་ལས་དོན་ལ་གྲོས་བསྡུར་བྱས་ནས་ལས་སྒོའི་འཇོན་ཐང་ཆེར་གཏོང་དང་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་འགན་ལེན་བྱེད་བཞིན་ཡོད་པ་དང་། མཉམ་དུ་བོད་སྐད་དང་རྒྱ་སྐད་སྦྱངས་ཏེ་འགྲུལ་པར་སྐད་བརྡ་གང་ལེགས་འཕྲོད་ཐུབ་པའི་འགན་ལེན་བྱེད་པ། མཉམ་དུ་ཟ་ཁང་དུ་ཟ་མ་ཟ་བ་དང་ལས་རོགས་སུས་ཁྱིམ་དུ་ཟས་ཞིམ་པ་བཟོས་ཚེ་ལས་རོགས་གཞན་དག་སྐད་བཏང་སྟེ་ཁྱིམ་དུ་འཛོམས་པ། མཉམ་དུ་སྒོར་གཞས་འཁྲབ་པ་དང་མི་རིགས་ཀྱི་ཞབས་བྲོ་སྦྱངས་ཏེ་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ཕན་ཚུན་སེམས་ཁུར་དང་འཚམས་འདྲི་བྱས་ཏེ་ལས་རོགས་སུ་ཞིག་ཟ་ཁང་དུ་ཟ་མ་ཟ་རུ་སླེབས་མེད་ཚེ་ཕན་ཚུན་ཁ་པར་བརྒྱབ་སྟེ་གནས་ཚུལ་འདྲི་བ་སོགས་འདི་གའི་མི་ཚོའི་དབར་ཡིད་ཆེས་དང་མཛའ་གྲོགས་ཀྱིས་ཁེངས་ཤིང་། མིག་ཟུང་ལས་སྤྲོ་སྣང་མངོན། འདིར་བཅར་འདྲིར་ཡོང་མཁན་གྱི་སྨྱན་སྦྱོར་ཚན་པའི་གྲོགས་པོ་མི་ཉུང་བ་ཞིག་གིས་ཁོང་ཚོའི་མཐུན་སྒྲིལ་མཛའ་གྲོགས་དང་། ཕན་ཚུན་རོགས་རེས། སྤོབས་པ་ཆེན་པོས་མདུན་སྐྱོད་བཅས་ལ“ཁྱིམ་ཚང་གི་རིག་གནས”ཞེས་བརྗོད་ཀྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།