ཚན་རིག་དང་མཐུན་པའི་གསོ་ཚགས་ལས་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་ཕྱིན་པ།

—— ཆབ་མདོ་གྲོང་ཁྱེར་ཁ་རུབ་བོད་ཕག་ཐོན་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་སྐོར་བཀོད་པ།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ས་སྒང་ཤང་རྡོ་ཕུ་ཁ་རུབ་བོད་ཕག་གསོ་ཚགས་རྟེན་གཞིའི་ཕག་ཕྲུག་ཉིན་བཞིན་མ་འདས་པར་མང་དུ་ཕྱིན་སོང་ཞེས་ལོ་44ལ་སླེབས་པའི་ཧུའུ་ནན་བ་ལིན་ལུང་གིས་དགོད་འཚེར་འཚེར་ངང་བཤད།

ལིན་ལུང་ནི་བོད་ལྗོངས་ཁྲང་ཁྲེང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཡིན་ཞིང་། འདི་ལོའི་ཟླ་6པར་ཁོང་དང་རོགས་པས་ཧུའུ་ནན་ནས་ཆབ་མདོར་ཡོང་སྟེ། རྡོ་ཕུ་ཁ་རུབ་བོད་ཕག་གསོ་ཚགས་རྟེན་གཞི་འགན་གཙང་བླངས།

ཁ་རུབ་བོད་ཕག་ནི་ཆབ་མདོ་གྲོང་ཁྱེར་གྱིས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བའི་ཞིང་ལས་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་ལ། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཀྱང་ཡིན་པས། བོད་སྐྱོར་ལས་དོན་རུ་ཁག་གིས་སྣེ་ཁྲིད་ནས་ཆབ་མདོ་གྲོང་ཁྱེར་ཁ་རུབ་བོད་ཕག་ཐོན་ལས་བོད་སྐྱོར“ཚོགས་སྒྲིག་ཚོགས་ཆུང་”བཙུགས་ཏེ་ལིན་ལུང་ལ་ཐབས་འདོན་ཇུས་བཀོད་བྱེད་རོགས་བྱས་པ་རེད།

“ཚོགས་སྒྲིག་ཚོགས་ཆུང”དང་གྲོས་བསྡུར་བྱས་པ་བརྒྱུད། ལིན་ལུང་གིས་ཕག་རྒྱུད་འདེམས་གསོའི་ལས་དོན་སྤེལ་འགོ་ཚུགས་ཤིང་། ཕག་ཕྲུག་སྐྱེས་ཚད་མཐོ་བ་དང་། ཤ་མང་བ། ཚིལ་ཉུང་བ། གཟུགས་གཞི་སྙོམས་པ་བཅས་ཀྱི་ཕག་རྒྱུད་བདམས་ཏེ། ཕོ་ཕག་དང་མོ་ཕག་ལོགས་སུ་གསོ་ཚགས་བྱས་པ་མ་ཟད། ད་དུང་ཆེད་ལས་མཁས་ཅན་གདན་དྲངས་ནས་རྟེན་གཞིའི་གསོ་ཚགས་བརྒྱུད་རིམ་ཁྲོད་ཐོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང་། གསོ་ཚགས་ཀྱི་རྩལ་ནུས་དང་ཉམས་མྱོང་བསླབས་པ་རེད།

ཚད་ལྡན་ཅན་གྱི་གསོ་ཚགས་ལ་ཕན་འབྲས་བཟང་པོ་ཐོན་ནས་རྟེན་གཞིའི་ཕག་པའི་ལག་ཡོད་མགོ་གྲངས་2000ནས་6800བར་མང་དུ་ཕྱིན་ཞིང་། ལག་ཡོད་ཕག་པ་མགོ་གྲངས་མང་དུ་ཕྱིན་པ་བསྟུན་གང་འདྲ་བྱས་ནས་ཕྱིར་འཚོང་བྱེད་པ་དེ་ལིན་ལུང་ལ་འཕྲད་པའི་དཀའ་གནད་ཅིག་ཏུ་གྱུར་པ་རེད།

དེའི་ཆེད་དུ་ལིན་ལུང་གིས་ཆབ་མདོ་གྲོང་ཁུལ་དུ་ལས་གཉེར་ཁང་5བཙུགས་ཤིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་བོད་ཕག་ཐོན་ལས་བོད་སྐྱོར“ཚོགས་སྒྲིག་ཚོགས་ཆུང”གི་རོགས་རམ་འོག ཟླ་དགུ་པའི་ཟླ་སྟོད་དུ། ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་དང་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞེ་ཡུས་ཀྱིས་འབྲེལ་བ་བཙུགས་པ་བརྒྱུད། ཁྲུང་ཆིང་གྲོང་ཁྱེར་གྱིས་ཁ་རུབ་བོད་ཕག་མགོ་གྲངས་30མངགས་ཉོ་བྱས་པར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

ཟླ་11པར་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཞ་མོན་དང་། ཧྥུའུ་ཀྲོའུ། ཆོན་ཀྲོའུ་བཅས་ཀྱི་ཚོང་པས་ཀྱང་ཁ་རུབ་བོད་ཕག་མངགས་ཉོ་བྱེད་འདོད་ཡོད་པའི་གཏམ་བཟང་བསྒྲགས།

ཟླ་9པའི་ཟླ་འགོར་གསོ་ཚགས་རྟེན་གཞིར་ཁྲུང་ཆིང་ནས་བསྐུར་བའི་ཁ་རུབ་བོད་ཕག་མགོ་གྲངས་30ཉོ་རྒྱུའི་མངགས་ཐོ་འབྱོར་ཡོད། ཡིན་ཡང་ཆེད་ལས་ཀྱི་གྲང་ཕྲེང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་མེད་པས། ལིན་ལུང་གི་ཚོགས་པས་ཕག་ཤ་དག་འཁྱགས་རྡོག་བླུགས་པའི་སྦུ་སོབ་སྒམ་དུ་བླུགས་ཏེ་སྤྱིར་བཏང་གི་དབོར་འདྲེན་རླངས་འཁོར་་སྤྱད་ནས་ཁྲུང་ཆིང་ལ་དབོར་ཡོད། དབོར་འདྲེན་བྱ་ཐབས་དེ་ནི་གྲངས་འབོར་ཉུང་བར་འཚམ་པ་ལས་ཆབ་མདོ་ནས་ཧྥུའུ་ཅན་བར་དབོར་འདྲེན་བྱེད་རྒྱུར་ག་ལ་འཚམ།

ཟླ་ཁ་ཤས་རིང་གི་འཚོལ་ཞིབ་བརྒྱུད། ལིན་ལུང་གིས་ཆེད་སྤྱོད་བཤས་གཏོང་སྒྲིག་ཆས་དང་། སྐྱུར་བཏོན་ཁང་། གྲང་ཉར་མཛོད། གྲང་ཕྲེང་དངོས་ཟོག་སྐྱེལ་འདྲེན། ལས་སྣོན་ཞིབ་ཚགས་སོགས་མི་འདང་བའི་གནད་དོན་ཆ་ཚང་ཐག་གཅོད་བྱེད་རྒྱུའི་སེམས་ཐག་བཅད།

མཐུན་སྦྱོར་འབྲེལ་མཐུད་བྱས་པ་བརྒྱུད། མཐར་ལིན་ལུང་གི་ཀུང་སིས་སྤང་མདའ་བཟོ་ཚོང་ཚད་ཡོད་ཀུང་སིའི་ས་ཆ་བོགས་མར་བླངས་ནས་བཤས་གཏོང་ས་སོགས་ལེགས་སུ་བཏང་བ་དང་དུས་མཚུངས། ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན(གྲོང་ཁྱེར)གྱི་བཟའ་བཅའི་ལས་སྣོན་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁེ་ལས་དང་མཉམ་ལས་བྱས་ཏེ་ཕྱིར་ཚོང་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཁག་བདེ་བླག་ངང་བསལ་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།