ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན། བོད་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ཧུར་ཐག་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས་སྦྱོང་རྟོགས་ཟུང་འབྲེལ་དང་། སློབ་ཞིབ་ཟུང་འབྲེལ། སྦྱོང་སྤྱོད་ཟུང་འབྲེལ་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དམིགས་སར་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད།
ཟླ་12ཚེས་6ཉིན་གྱི་ཕྱི་དྲོ། ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། སྙན་ཞུའི་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧུའུ་ཅེ་གདན་ཞུ་བྱས་ནས་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་ནང་ཞུགས་མཁན་ལས་བྱེད་པ་དང་ལས་བཟོ་ཚོས། སྒྲོག་འགྲེལ་སྙན་ཞུའི་ནང་དོན་ཁ་གསལ་བ་དང་གཙོ་གནད་འབུར་དུ་ཐོན་པ་དང་དོན་དངོས་དང་མཐུན་པ་ཞིག་འདུག སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་ངེས་པར་དུ་སྦྱོང་རྟོགས་ཟུང་འབྲེལ་དང་། སློབ་ཞིབ་ཟུང་འབྲེལ། སྦྱོང་སྤྱོད་ཟུང་འབྲེལ་བཅས་བྱས་ཏེ། སྣོད་བཅུད་འཛུགས་སྐྱོང་སྐོར་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་གསར་པ་གཞིར་བཟུང་། རང་ལྗོངས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཟླ12ཚེས5ཉིན་སྔ་དྲོར། ལྗོངས་ས་ཡོམ་ཅུས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་སྒྲོག་འགྲེལ་ཚོགས་འདུ་འཚོགས་ནས། རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་ཞིབ་ཁང་གི་དགེ་རྒན་ཆེ་མོ་བ་གཞོན་པ་དབན་ཅིན་ཕུང་གདན་དྲངས་ཏེ། ཆེད་དོན་སྒྲོག་འགྲེལ་བྱས་པ་རེད། ས་ཡོམ་ཅུས་ཀྱི་ལྷ་སའི་ལས་བྱེད་པ་དང་ལས་བཟོ་ཚང་མ་ཚོགས་ར་གཙོ་བོའི་འཆད་ཁྲིད་ནང་ཞུགས་ཡོད་པ་དང་། ས་གནས་ཁག་གི་ས་ཡོམ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོས་བརྙན་ལམ་འཆད་ཁྲིད་ནང་ཞུགས་ཡོད་པ་རེད།
ཟླ12ཚེས3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཆུ་ཤུར་རྫོང་བཅས་ཀྱི་རིམ་གསུམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་ཤུག་གསེབ་དགོན་དོ་དམ་ཨུ་ལྷན་གྱིས་མཉམ་དུ་ཤུག་གསེབ་དགོན་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་རྡོ་རྗེ་ཚེ་རིང་གདན་དྲངས་ཏེ། 《ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གསལ་འགྲེལ》ཞེས་པ་འགོ་བརྗོད་དུ་འཁོད་པའི་ཆེད་དོན་སྒྲོག་འགྲེལ་བྱས་པ་རེད། དགོན་སྡོད་ལས་བྱེད་པ་དང་གྲྭ་བཙུན་ཚོས་སྒྲོག་འགྲེལ་ནན་ཏན་ངང་ཉན་རྗེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རང་རྟོགས་ངང་གོང་བཀུར་ཞུ་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་དང་འབྲེལ་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་བརྩི་སྲུང་ནན་པོ་ཞུས་ཏེ། “རྒྱལ་གཅེས་ཆོས་གཅེས་དང་། ཐོས་བསམ་སྒོམ་གསུམ་ལ་གཞོལ་བ། སྒྲིག་བཀུར་ཁྲིམས་སྲུང”བཅས་ཀྱི་གྲྭ་བཙུན་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱི་ཚན་པ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།