བློ་བཟང་རྒྱལ་མཚན་གྱིས་མངའ་རིས་ས་ཁུལ་དུ་དབུལ་སྒྲོལ་འགག་སྒྲོལ་དང“ཞིང་གསུམ”ལས་དོན་ལ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་མངའ་རིས་ས་ཁུལ་མཚོ་ཆེན་དང་། སྒེར་རྩེ། དགེ་རྒྱས་བཅས་རྫོང་གི་དུད་ཚང་དབུལ་པོའི་ཁྱིམ་དང་། མཉམ་ལས་ཁང་། སློབ་གྲྭ་འབྲིང་ཆུང་། སྨན་ཁང་བཅས་སུ་ཕེབས་ནས་དབུལ་སྒྲོལ་མང་ཚོགས་དང་། ཁེ་ལས་ཀྱི་འགན་ཁུར་བ། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་བཅས་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དང“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པའི་ཐད་བརྟག་ཞིབ་གནང་བ་རེད།

ཉིན་ཤས་བསྟུད་མར། བློ་བཟང་རྒྱལ་མཚན་དང་བཅས་པས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་འགྲོ་ལམ་ཐོག་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཁ་ཤས་ཟིན་པར་མ་འཛེམས་པར། ཞབས་ཐང་མར་ཕེབས་ནས་མཚོ་ཆེན་རྫོང་མཚོ་ཆེན་གྲོང་རྡལ་ཆུ་བྱང་གྲོང་ཚོའི་འབྲོག་ཟོག་ལས་སྣོན་བཟོ་གྲྭ་དང་། སྒེར་རྩེ་རྫོང་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས། དགེ་རྒྱས་རྫོང་ཚྭ་ཁ་ཤང་ཚྭ་ལས་སྣོན་བཟོ་གྲྭ་སོགས་ཀྱི་དབུལ་སྐྱོར་ཐོན་ལས་དང་། མཚོ་ཆེན་རྫོང་བཀྲ་རི་གནམ་མཚོ་དང་། སྒེར་རྩེ་རྫོང་གི“ཕུགས་འདུན་མངོན་འགྱུར་གྱི་སྡོད་ཁང་གསར་པའི”སྡེ་ཁུལ་ཨུ་ལྷན། དགེ་རྒྱས་བདེ་སྡོད་དགའ་ཚལ་སོགས་དབུལ་སྐྱོར་གནས་སྤོས་ས་ཚིགས་དང་དེ་བཞིན་སློབ་གྲྭ་དང་། སྨན་ཁང་། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། དྲོད་རླངས་མཁོ་འདོན་ལས་གྲྭ་སོགས་ལ་གཟིགས་ཞིབ་གནང་བ་དང་འབྲེལ། མངའ་རིས་ས་ཨུད་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་དང“ཞིང་གསུམ”ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། མཛུབ་ཁྲིད་ལ་སྔར་བས་ཤུགས་སྣོན་དང་། བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་བཀོད་སྒྲིག་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པར་སྐུལ་འདེད་བཏང་བ་རེད།

མཚོ་ཆེན་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་མང་ཚོགས་ངག་སྐྱིད་ཀྱི་ཁྱིམ་དུ། བློ་བཟང་རྒྱལ་མཚན་གྱིས་བྱམས་བརྩེའི་ངང་གནས་སྤོས་གནས་ཚུལ་བཀའ་འདྲི་གནང་བ་དང་ཆབས་ཅིག ལྷན་དུ་འབབ་འཕར་ག་ཚོད་བྱུང་མིན་རྩིས་བསྐྱོན་པ་རེད། ངག་སྐྱིད་ཀྱིས་དགའ་ཚོར་ཆེན་པོའི་ངང་རང་ཉིད་ཀྱི་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་འགྲོ་ཚུལ་ཞུས་པ་དང་། ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞེས་ཞུས་པ་རེད། བློ་བཟང་རྒྱལ་མཚན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་ངག་སྐྱིད་ལ་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་ཡག་པོ་སྤྱད་དེ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་ཐོག་མུ་མཐུད་གོམ་ཞེང་ཆེན་པོས་སྐྱོད་དགོས་པའི་སྐུལ་ལྕག་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་དང“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཞིབ་བཤེར་རྩིས་ལེན་གྱི་གྲ་སྒྲིག་དང་སྐོར་གཟིགས་ཕྱིར་མིག་ལྟ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ལས་འགན་ཨང་དང་པོར་བརྩི་བ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་འབབ་འཕར་གྱི་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་ལ་བརྩི་བ། མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ལ་དམ་པོར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ངར་ཤུགས་མི་ཉམས་པ་དང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་འབེལ་བར་གཞི་ཚུགས་ནས་གཙོ་གནད་ཐོན་ལས་མངོན་གསལ་དོད་པ་དང་། རྒྱ་སྟོབས་ཆེ་རུ་གཏོང་བ་དང་ཞིབ་ཚགས་ཡོང་བ་བྱས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་དང་རྫོང་སྟོབས་ཆེར་གཏོང་བའི་བྱ་སྤྱོད་ངོ་མའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མང་ཚོགས་སྒྲིག་འཛུགས་དང་། དྲིལ་བསྒྲགས། གཅིག་སྒྲིལ། ཞབས་ཞུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པར་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱས་ནས་ཞིང་འབྲོག་མང་ཚོགས་ཚོར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་མཛེས་ཤིང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་གནས་སྤོས་ས་ཚིགས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ལ་བརྟེན་པ་དང་། སྐུལ་སློང་། སློབ་གསོ་གཏོང་བ་བཅས་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུ་འདོན་པ་དང་སེམས་ནུས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་ཞུ་བ། ཞིབ་ཚགས་དང་མགྱོགས་མྱུར་གྱི་དཀའ་གནད་བསལ་ཏེ་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།