ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་གྲངས་འཛིན་ཅན་གྱི་ལས་སྟེགས་བཀོལ་སྤྱོད་གསོ་སྦྱོང་བྱེད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་དུག་འགོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་དགེ་རྒན96སྒྲིག་འཛུགས་བྱས་ནས་གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་གི་གྲངས་འཛིན་ཅན་གྱི་ལས་སྟེགས་བཀོལ་སྤྱོད་གསོ་སྦྱོང་བྱས་པ་རེད།

ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གི་ལས་དོན་པས་གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་གི་གྲངས་འཛིན་ཅན་གྱི་ལས་སྟེགས་དེ་ནི2018ལོའི་ཟླ9ཚེས27ཉིན་དངོས་སུ་ཁྱབ་གདལ་གཏོང་འགོ་ཚུགས་པ་ཞིག་ཡིན། དེ་ལས་དེ་བས་མང་བའི་གཞོན་ནུ་ལོ་ཆུང་གི་དུག་འགོག་གི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། དུག་འགོག་གི་ནུས་པ་ཆེ་རུ་གཏོང་རྒྱུ། དུག་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བཅས་ཐད་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་ཉག་ཅིག་ཡིན་ཞེས་བཤད་པ་རེད།

མིག་སྔར། གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོ་སྤེལ་ཕྱོགས་དེ་སློབ་ཁང་ནས་དྲ་ཐོག་ཏུ་འགྱུར་བཞིན་ཡོད། ད་རེས་ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གི་དགེ་རྒན་ཐོག་མར་གསོ་སྦྱོང་བྱེད་འགོ་བཙུགས་ཤིང་། དེའི་རིང་གཙོ་བོ་གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་གི་གྲངས་འཛིན་ཅན་གྱི་ལས་སྟེགས་བཀོལ་སྤྱོད་བྱེད་སྟངས་འཆད་ཁྲིད་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་སློབ་འབྲིང་བཞི་པའི་དགེ་རྒན་ཝང་ཞང་གིས་གསར་འགོད་པར“ལས་སྟེགས་དེ་ལས་སློབ་མའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་རྒྱུ་མ་ཟད། ད་དུང་ན་སོ་དར་ལ་མ་བབས་པའི་སློབ་མའི་དུག་རྫས་སྔོན་འགོག་གི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད”ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།